༢༠༡༡ ཟླ་ ༢ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །འདི་ག་ལས་ཁུངས་སུ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ ཉིན་བོད་ནས་༸གོང་ས་མཆོག་ལ་ཕུལ་བའི་གསོལ་འདེབས་འབྱོར་བ་གཤམ་གསལ།
བདུད་བཞི་གཡུལ་ལས་རྒྱལ་བའི་དཔའ་བོ་ཉིད། །ཆེར་སྙིགས་འགྲོ་བའི་མགོན་པོ་པདྨ་འབྱུང།
།དུས་མཐའི་འཇིགས་པ་མཐའ་དག་དྲུང་འབྱིན་པའི། །བསྟན་འགྲོར་སྨིན་པ་ཡོངས་ཀྱི་གདོང་གྲོགས་མཛོད།
།ལས་ངན་བོད་ཁམས་མུན་པའི་གཡང་ལ་ཚུད། །འཇིགས་རུང་གཤེད་མའི་ཚོགས་ཀྱིས་མཐའ་བསྐོར་ཏེ།
།གསད་གཅོད་ཁྲག་གིས་དུས་ངན་གཡོ་བའི་ཚེ། །མཐུ་སྟོབས་ནུས་པས་སྐྱོང་ཞིག་སྐྱབས་གཅིག་པུ།
།རིས་མེད་ལུང་རྟོགས་བསྟན་པ་བཟང་པོའི་ཤུལ། །གཡོ་མེད་བསླབ་པ་གསུམ་གྱི་རྒྱུད་འཆང་དེ།
།གངས་ཅན་བསྟན་པའི་སྲོལ་སྐྱོང་ལྷ་གཅིག་པུ། །རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས།
།སྙིགས་བདོའི་ནད་དང་འཚེ་བའི་གཡང་ལས་ལྷུང། །ད་དུང་འཁོར་བར་ཞེན་པའི་རང་གཞན་བཅས།
།དུས་ངན་ནད་བརྒྱ་འཇོམས་པའི་དཔའ་བོ་མཆོག །རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས།
།ལས་ངན་གདོང་དམར་མཐའ་མའི་འོག་ཏུ་ཚུད། །རླུང་སེམས་ཙམ་ཡང་དབང་བའི་གོ་སྐབས་མེད།
།མགོན་མེད་བོད་ཁམས་ཡོངས་ཀྱི་དོན་ཆེན་ཉིད། །བསྟན་འགྲོའི་སྐྱེས་བུའི་ཚོགས་ཀྱི་བཟོད་ལགས་སམ།
༼ས་སྐྱ།༽ ཟབ་རྒྱས་བཤད་པའི་ཚོགས་ཀྱི་མཐའ་སྐྱོང་སྟེ། ༼དགེ་ལུགས།༽ སྡེ་སྣོད་རིག་པའི་ཚོགས་ཀྱིས་རྒྱུད་བསྐུལ་བས།
༼བཀའ་བརྒྱུད།༽ཉམས་ལེན་སྒྲུབ་པ་རྣམས་ཀྱི་ཤུལ་བཟུང་སྟེ།༼རྙིང་མ།༽ མདོ་རྒྱུད་མན་ངག་ཟབ་མོས་ནད་ཀུན་འཇོམས།
།འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན། །རྒྱལ་ཀུན་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས།
།དཔལ་ལྡན་དུས་ཀྱི་འཁོར་ལོའི་ཆོས་འཁོར་ཉིད། །བརྩེ་སྐྱོང་འགྲོ་ལ་བསྐོར་བའི་མགོན་པོ་མཁྱེན།
།རེ་བས་ཕུང་པའི་གདོང་དམར་འགྲོ་བ་ཚོགས། །འདྲེན་པའི་ལྷ་སྐལ་སྐུ་ཕྲེང་བཅུ་བཞི་པ།
།བཞུགས་སྒར་རྡ་ས་ཕྱོགས་ལ་གལ་ཆེན་མོད། །གྲུ་འཛིན་གཉིས་པ་འདི་ཉིད་བསྐྱུར་ཕོད་དམ།
།ནམ་ཡང་མུན་ནག་དམག་གིས་གཡོས་པ་ཡི། །སྡུག་སྒུར་རེ་བའི་འགེངས་པའི་གཞིས་བྱེས་བོད།
།འཇིགས་རུང་གཡོ་ཅན་གྲགས་པོས་ཁ་བསྒྱུར་བའི། །ཉམ་ཐག་ང་རོས་བོད་ཡུལ་ཨ་ཙ་མ།
།བསིལ་ལྡན་ཁ་བ་རི་པའི་ལྷ་སྐལ་ཉིད། །དོན་མེད་མཐའ་མའི་དཔུང་གིས་ཡུལ་གཞན་གྱར།
རང་གཞན་ཀུན་གྱི་རྒྱུ་འབྲས་རྩད་ནས་ཉམས། །བླང་དོར་སྨིན་པའི་ལྷ་མཆོག་གནས་འདིར་བྱོན།
།གཞན་ཡུལ་འགྲོ་བའི་དོན་དུ་ཡུན་རིང་བས། །རང་ཡུལ་རྒྱལ་ས་གནས་མཆོག་པོ་ཏཱ་ལར།
།སྐྱབས་ཆེན་དེད་དཔོན་རྣམས་གཉིས་མཉམ་འཛོམས་ཏེ། །མྱུར་བར་གསེར་ཁྲིར་བོད་འབངས་མུན་གསལ་ཤོག
།འདི་ལྟར་གུས་པའི་སྨོན་ལམ་ཕྲ་མོ་འདིས། ལྷག་པའི་ལྷ་གཅིག་ཁྱེད་ཉིད་གསོལ་བཏབས་མཐུས།
བརླག་བྱེད་ནད་བརྒྱའི་རྩ་བ་དྲུང་འབྱིན་ནས། །འགྲོ་ཀུན་སྙིགས་བདོའི་ནད་ལས་རྒྱལ་གྱུར་ཅིག
།དེ་ལྟར་གུས་པའི་སྨྱོ་གཏམ་ཐུབ་བུ་འདི། །མཁས་པས་མཐོང་ན་མིག་གི་དྲ་བར་དང།
།བླུན་པོས་ཐོས་ན་བདེན་པའི་དཔང་པོར་བསམ། །འགལ་འཁྲུལ་རིན་ཆེན་བདག་གིས་མཐོལ་བཤགས་བཟོད། །