༢༠༡༡ ཟླ་ ༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ཐོག་མར་ཇོ་ཌ་པུར་ཁུལ་གྱི་མཛད་འཕྲིན་གཙོ་བོར་གྱུར་བའི་བོད་མི་སུད་ཚོང་བ་རྣམས་ལ་བཀའ་སློབ་སྩལ་གྲུབ་བསྟུན། རྒྱལ་ཁང་དུ་ལྗགས་སྨིན་མཛད་གྲུབ་རྗེས་ཤི་རི་མ་ཧཱ་ལ་ཤི་མི་བུད་མེད་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དེར་འདུས་དགེ་ལས་སློབ་ཕྲུག ༦༠༠ བརྒལ་བར་བླང་དོར་གྱི་བཀའ་སློབ་སྩལ་དོན། ངོས་རང་གཞོན་སྐྱེས་ཚོ་དང་ཐུག་སྐབས་ཁྱེད་ཚོའི་གདོང་པ་དེ་དག་ནི་འཚར་ལོངས་བྱེད་བཞིན་པའི་མེ་ཏོག་ཆུང་ཆུང་ལྟ་བུ་མཐོང་བཞིན་འདུག ང་ཚོ་ལུས་པོ་དང་སེམས་ཚོར་བཅས་གཞི་རྩའི་ཆ་ནས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། རྒྱལ་ཁབ་དང་ཆོས་ལུགས། ཤེས་ཡོན། ལྤགས་མདོག རྒྱུ་ནོར་ཆེ་ཆུང་སོགས་ཀྱི་གནས་ཚུལ་ཕྲན་བུ་མི་འདྲ་བ་ཡོད་ཀྱང་རྩ་བའི་འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཙམ་ཡོད་པ་རྣམས་འགྲོ་བ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་ང་ཚོ་ཚང་མར་གསར་གཏོད་ཀྱི་ནུས་པ་ཡོད་པ་ཙམ་མ་ཟད། མི་ཚང་མར་བདེ་བ་སྒྲུབ་རྒྱུའི་ཐོབ་ཐང་ཡོད། ར་ཇི་སི་ཐན་ས་གནས་འདིར་ཆ་བཞག་ནའང་ལོ་རྒྱུས་རིང་པོ་ཡོད་པ་ཞིག་ཡིན།
དེང་སྐབས་འཛམ་གླིང་ནང་གི་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། དེ་བཞིན་ཚན་རིག་དང་འཕྲུལ་ཆས་སོགས་ཡར་རྒྱས་ཤུགས་ཆེན་པོ་འགྲོ་མུས་ཡིན། འདས་པའི་ལོ་ ༢༠༠ ནང་ཚན་རིག་ཡར་རྒྱས་ལ་བརྟེན་གནས་སྟངས་གྱུར་བ་ཆེན་པོ་ཕྱིན་པ་དང་བསྟུན་ནས་དེང་དུས་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། མཚམས་རེ་བུད་མེད་ཚོས་སློབ་སྦྱོང་ལ་ཏོག་ཙམ་འཐུས་ཤོར་ཕྱིན་པའི་རྣམ་པ་ཡོད། དེར་བརྟེན་བུད་མེད་ཚོས་སློབ་སྦྱོང་ཐད་དམིགས་བསལ་དོ་སྣང་བྱེད་དགོས་པ་ཤིག་ཆགས་ཡོད། དེང་དུས་ཤེས་ཡོན་གཅིག་པུས་འདང་གི་མེད། རྒྱ་གར་ནང་ལོ་ངོ་སྟོང་གི་སྲོལ་རྒྱུན་དང་དེང་དུས་ཤེས་ཡོན་གཉིས་ཟུང་འབྲེལ་ཐོག་འགྲོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སེམས་ཀྱི་བདེ་སྐྱིད་ཡོང་བར་ནང་བསམ་བློའི་རིན་ཐང་བྱམས་པ་དང་བརྩེ་བ་སོགས་དགོས། དེང་དུས་ཤེས་ཡོན་དང་སྲོལ་རྒྱུན་གྱི་རིན་ཐང་གཉིས་ཟུང་འབྲེལ་བྱུང་བ་ཡིན་ན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ངེས་རེད། དགེ་རྒན་གྱི་སློབ་ཁྲིད་དང་དེབ་ནང་ཡོད་པ་ཙམ་ལ་ཆ་མ་བཞག་པར་སློབ་ཕྲུག་སོ་སོ་རང་ཉིད་ཀྱིས་བརྟག་དཔྱད་བྱས་ནས་ངེས་པ་རྙེད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ཚོགས་ནང་བུད་མེད་ཚོར་ཏོག་ཙམ་མཐོང་ཆུང་བྱེད་ཀྱི་ཡོད་ཚོད་འདུག དེར་བརྟེན་ཁྱེད་རང་ཚོ་བུད་མེད་རྣམས་དང་ང་ཚོ་ཚང་མ་གཅིག་པ་རེད། དེར་བརྟེན་ཁྱེད་ཚོས་བློ་སྤོབས་ཆེ་ཙམ་བྱེད་དགོས་ཞེས་བཀའ་སློབ་སྩལ་གྲུབ་བསྟུན། སློབ་མ་ཚོའི་དྲི་བར་བཀའ་ལན་སྩལ་ཡོད།
སྐབས་དེར་སློབ་མ་གཅིག་གིས་ཆོས་ལུགས་ཀྱི་བླ་མ་སྐྱེས་པ་ཤ་སྟག་ཡིན་པ་ལས་བུད་མེད་མེད་པའི་རྒྱུ་མཚན་གང་ཡིན་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ནང་པ་སངས་རྒྱས་པའི་ཆོས་ལུགས་ལྟ་བུར་མཚོན་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཕོ་མོ་དབྱེ་འབྱེད་ནམ་ཡང་མཛད་མེད། གྲུབ་ཆེན་བརྒྱད་བཅུའི་ནང་ནས་བཞི་ཙམ་བུད་མེད་ཡིན། དེ་བཞིན་བོད་པའི་སྤྱི་ཚོགས་ནང་བུད་མེད་བླ་མ་དེ་འདྲའང་ཡོད། འོན་ཀྱང་མང་ཆེ་བ་སྐྱེས་པ་ཡིན་ཞེས་བཀའ་ལན་སྩལ་ཡོད།
ཡང་སློབ་མ་གཞན་ཞིག་གིས་དེང་དུས་འཛམ་གླིང་ནང་འཇིགས་སྐུལ་རིང་ལུགས་པ་དང་ལྐོག་ཟ་རུལ་སུངས་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དེ་དག་ང་ཚོ་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་འདྲ་བྱེད་དགོས་མིན་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱི་གོང་དུ་ཤེས་ཡོན་གཅིག་པུས་ཞི་བདེ་ཡོང་གི་མེད་སྐོར་བརྗོད་པ་ཡིན། ནང་བསམ་བློའི་རིན་ཐང་མེད་པར་དེང་དུས་ཤེས་ཡོན་གཅིག་པུས་སྤྱི་ཚོགས་དང་ཁྱིམ་ཚང་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ་ཀྱི་མེད། དེར་བརྟེན་ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་འདོད་ཆགས་ལ་གཞི་བཅོལ་བའི་བརྩེ་སེམས་དེས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་ཡོང་གི་ཡོད། ཆགས་སེམས་ལ་གཞི་མ་བཅོལ་བའི་བྱམས་བརྩེའི་བསམ་པ་བསླེབ་ཐུབ་པ་བྱས་ན་ཕྱོགས་ལྷུང་གི་བསམ་པ་མེད་པར་བདེ་སྐྱིད་དོན་དང་ལྡན་པ་ཞིག་ཡོང་ངེས་རེད་ཅེས་སོགས་ཀྱི་བཀའ་ལན་སྩལ་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆུ་ཚོད་ ༤།༣༠ ཙམ་ལ་ཇོ་ཌ་པུར་གནམ་ཐང་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་དུ་ས་གནས་བོད་མི་སུད་ཚོང་བ་རྣམས་དང་གནམ་ཐང་ནང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཅན་ཌེེ་རེ་ཤི་ཀུ་མར་མཆོག་གིས་ཕེབས་སྐྱེལ་ཞུས་ཏེ་ཇེའི་པུར་ལ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།