༢༠༡༡ ཟླ་ ༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༥ ཉིན་སྔ་དྲོ་ཆུ་ཚོད་ ༧།༤༥ ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ཤར་རྩེའི་འདུ་ཁང་ནང་ཆིབས་སྒྱུར་སྐྱོང་སྐབས་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གྱིས་སྤོས་སྣེས་སྔོན་བསུས་ཏེ་འདུ་ཁང་ནང་གདན་འདྲེན་ཞུས།
དེ་ནས་ཤར་རྩེ་གྲྭ་ཚང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་འདི་ག་ཤར་རྩེ་གྲྭ་ཚང་དུ་ཁྱེད་རང་ཚོ་ཐུག་པ་རེད་མ་ཟད། དགའ་བཞིན་སྤྲོ་བཞིན་ངང་ནས་ཆོས་འབྲེལ་ཞུ་རྒྱུ་དང་དེའི་ནང་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་ཆེན་འབུལ་རྒྱུའི་གོ་སྐབས་བྱུང་བ་རེད། ངོས་རང་ཞེ་དྲག་དགའ་པོ་བྱུང་། ཁྱེད་རང་ཚོའང་ཏན་ཏན་མཉེས་པོ་ཡོང་གི་རེད་བསམ་གྱི་འདུག དེ་སྔོན་འགོ་སྟོད་འདི་གར་བཅར་སྐབས་བདེ་པོ་མེད་རུང་ད་ཆ་འདི་གར་ཁྱོན་བསྡོམས་མཚན་ཐོའི་ཁུངས་སུ་ཡོད་པ་ད་ལྟ་འཚོ་བཞུགས་དགེ་འདུན་པ་ཆིག་སྟོང་ཉིས་བརྒྱ་བཅུ་མེད་དྲུག་དེའི་ཁོངས་སུ་ཐོག་མ་ནས་དོལ་རྒྱལ་དང་འབྲེལ་བ་མེད་པ་ཕོན་ཆེན་པོ་ཡོད་པ་དང་། སྔར་དོལ་རྒྱལ་དང་འབྲེལ་བ་ཡོད་པ་འགའ་རེ་ཕྱིས་སུ་རྒྱུ་མཚན་ལེགས་ཉེས་ཡང་དག་མཐོང་སྟེ། ངོས་ལ་མི་ཕྱེད་པའི་དད་པ་བརྟན་པོའི་སྒོ་ནས་བཀའ་སྲུང་དང་ལེན་གྱི་སྒོ་ནས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་ལེགས་པར་ཞུས་པ་ཡང་མི་ཉུང་བ་ཡོད། ཅེས་འཁོད་འདུག
ད་ཆ་ཡག་པོ་ཞེ་དྲག་བྱུང་འདུག་པས་བསྐྱར་བཤད་ཡང་བཤད་ཞུ་དགོས་རྒྱུ་མི་འདུག་ཀྱང་། གང་ལྟར་དོལ་རྒྱལ་སྐོར་ལ་ཐོག་མ་ངོས་རང་ནས་ཀྱང་ཧུར་ཐག་འབད་ཐག་བྱས་ནས་བསྟེན་པ་ཡིན། རྒྱལ་པོ་སྐུ་ལྔ་ལས་ཀྱང་དོལ་རྒྱལ་ཧ་ལམ་གལ་ཆེ་བ་ལྟ་བུས་བསྟེན་གསོལ་འཕྲིན་བཅོལ་རྒྱུན་དུ་བྱས་པ་ཡིན། དེ་ནས་རིམ་པས་གནས་ཚུལ་མང་པོ་ཞིག་བརྟག་དཔྱད་རིམ་པ་བྱས། དེ་ཡང་ཐོག་མར་གནས་ཆུང་གི་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིག་གི་མི་འདུག་ཅེས་ཐོག་མར་བཀའ་གནང་བ་རེད། དེ་དུས་གནས་ཆུང་ལ་ངོས་ཀྱི་ཨ་སྲས་འཁྱམས་པོ་ཟེར་བ་དེ་དོལ་རྒྱལ་ལ་ཟེར་གྱི་ཡོད་ན་ཁ་ཁར་བཞུགས་ན་དགའ་ཡི་རེད་རྙོག་གྲ་ཞེ་དྲག་བཟོ་གི་རེད་ཅེས་ཞུས་པ་ཡིན། དེ་ནས་ལོ་མང་པོ་ཞིག་གི་རིང་ཚིག་ཅིག་གསུང་མ་བྱུང༌། དེ་ནས་ཕ་རྒོད་བླ་མའི་ཞལ་ལུང་ཐོན་པ་རེད། མཛེ་སྨད་རིན་པོ་ཆེས་ཕ་རྒོད་བླ་མའི་ཞལ་ལུང་གི་རྐྱེན་པས་ང་ཚོ་རྡ་རམ་ས་ལར་གུ་རུའི་འབུམ་ཚོགས་འབུལ་རྒྱུ་དེ་བོད་སྤྱི་པའི་དོན་དུ་ཡིན་པ་མ་གཏོགས་གཞན་གང་ཡང་མིན། དེ་དུས་རྡ་རམ་ས་ལར་ཡོད་པའི་ཨ་ནེའི་དགོན་པའི་ཨ་ནེ་ཚོ་ཡོང་མ་ནུས་པ་རེད། གང་རེད་དམ་ཟེར་ན་ཡིག་ཆ་ཞིག་ཐོན་བཞག་དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་པ་ཡིན་ན་རྒྱལ་པོ་ཤུགས་ལྡན་གྱིས་ཚར་གཅོད་ཀྱི་རེད། ཅེས་ཐོན་པ་དེ་འདྲའི་ཞེད་སྣང་གི་རྐྱེན་པས་མ་སོང༌དེས་ངོས་རང་མ་བདེ་བ་ཆགས་བྱུང་། དེ་རྗེས་གནས་ཆུང་སྤྱན་འདྲེན་ཞིག་གི་སྐབས་ཁྱེད་རང་གི་ལོ་མང་པོའི་གོང་ལ་ཨ་སྲས་འཁྱམས་པོ་བསྟེན་ན་འགྲིག་གི་མི་འདུག་གསུངས་པར་ངོས་ཀྱི་ཁྱེད་རང་ཁ་ཁར་སྡོད་ཅེས་བརྗོད་མྱོང་བར་ཁྱེད་རང་གིས་ཁ་ཁར་བསྡད་ཡོད། ད་ཆ་རྒྱལ་ཆེན་བསྟེན་མཁན་ཕྱོགས་ནས་སྐད་ཆ་འདྲ་མིན་མང་པོ་ཞིག་དེ་ཡང་གྲུབ་མཐའི་ཕྱོགས་རིས་གྲུབ་མཐའ་དམ་སེལ་བཟོ་རྒྱུའི་སྐད་ཆ་དེ་འདྲ་བཤད་ཡོང་གི་འདུག མཛེ་སྨད་རིན་པོ་ཆེས་བྲིས་གནང་བ་རེད། དེས་རྐྱེན་པས་ངོས་ཀྱིས་མཛེ་སྨད་རིན་པོ་ཆེ་ལའང་མཐོང་ཕྱོགས་བྱུང་། རྒྱུད་སྨད་གྲྭ་ཚང་ལ་ངོས་ཀྱིས་དབང་ཞིག་ཡིན་ནམ་བཀའ་ཆོས་ཞིག་བྱེད་སྐབས་མཛེ་སྨད་རིན་པོ་ཆེ་ཕེབས་འདུག་པར་ངོས་ཀྱིས་འདིར་བཞུགས་མི་དགོས་ཕེབས་རོགས་གནང་ཞུས་པ་ཡིན། མཛེ་སྨད་རིན་པོ་ཆེས་ཆ་ཚང་མཁྱེན་གྱི་ཡོད། ངོས་ཀྱི་དངོས་གནས་བོད་གངས་ཅན་ལྗོངས་ལ་ཡོད་པའི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པ་དེ་དག་ཐུགས་མཐུན་ཁྲིམས་གཙང་ཞིག་བྱུང་ན་བསམ་བཞིན་ཡོད། ཕལ་ཆེར་བློ་གསལ་གླིང་མཁན་ཟུར་པ་སངས་དེ་དུས་དགེ་རྒན་འོས་སྦྱོང་གྲས་སུ་ཡོད། རྡ་སར་དགེ་རྒན་འོས་སྦྱོང་ཚུགས་སྐབས་དེའི་དབུ་ཁྲིད་མཛེ་སྨད་རིན་པོ་ཆེ་རེད། དེའི་སར་ངོས་ཀྱིས་རྗེ་རིན་པོ་ཆེ་མ་བྱུང་སྔོན་ལ་བོད་སྔ་རབས་པའི་ནང་ལ་དབུ་མའི་ལྟ་བ་ཕྱིན་ཅི་མ་ལོག་པ་རྟོགས་པ་ཁྱོན་ནས་མེད་ཅེས་ལབ་དགོས་བྱུང་ན་རྗེ་རིན་པོ་ཆེ་མ་བྱུང་གོང་ལ་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་སྐྱེས་བུ་དམ་ཚོའི་ནང་ཚོགས་ལམ་འབྲིང་བ་ཡན་ཐོབ་པ་དང་སྦྱོར་ལམ་ཐོབ་པ་མེད་པ་རེད་ཅེས་བརྗོད་དགོས་ཐུག་གི་རེད། ཅེས་བརྗོད་པ་ཡིན། དེ་དྲན་གྱི་འདུག་གམ། ངོས་ཀྱིས་བརྗོད་པ་གསལ་པོ་ཤེས་མཁན་ཞིག་གིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བཀའ་གནང་བ་ཡིན་ངེས་རེད། འོན་ཀྱང་དེ་ཙམ་ཡིག་ཐོག་ལ་བཀོད་དགོས་པ་སོགས་བྱེད་དགོས་མི་འདུག མི་གཞན་གྱིས་དེ་དུས་བརྗོད་བྱུང་དེ་ནི་ངོས་ལ་སྡིགས་ར༌བསྐུལ་གྱི་ཡོད་པ་རེད། ངོས་ནས་རིས་མེད་ཐོག་དོ་སྣང་བྱེད་ཀྱི་ཡོད། དེར་བརྟེན་དེར་སྡིགས་ར་བསྐུལ་གྱི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག་པ་དེར་ཡང་ཕལ་ཆེར་རྒྱུ་མཚན་ཡོད་པ་ལྟ་བུ་འདུག ངོས་རང་རྡ་སའི་སྡོད་ཁང་གསར་པའི་ནང་སྤོས་རྗེས་གཙུག་ལག་ཁང་བཞེང་སྐབས་སློབ་དཔོན་གྱི་སྐུ་ཞིག་བཞེངས་པ་རེད།
ཕྱི་ལོ་ ༡༩༥༩ གོང་ལ་ལྷ་ས་གཙུག་ལག་ཁང་དུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་གུ་རུ་སྣང་སྲིད་གཟི་གནོན་ཞིག་བོད་ཀྱི་བསྟན་སྲིད་དོན་དུ་བཞེང་ཐུབ་ན་ཡག་པོ་འདུག་ཅེས་པའི་བཀའ་མོལ་བྱུང་བ་རེད། དེ་དུས་གུ་རུ་སྣང་སྲིད་གཟི་གནོན་ཞེས་པ་དེ་གླེང་གཞི་ཅན་ཞིག་རེད། བསམ་ཡས་སུ་ཡོད་པའི་གུ་རུ་ང་འདྲ་མ་ཞེས་པ་དེ་རྩོད་མེད་ཡིན་དུས་གུ་རུ་སྣང་སྲིད་གཟི་གནོན་བཞེངས་པ་ལས་གུ་རུ་ང་འདྲ་མ་བཞེང་ན་ཡག་གི་རེད་ཅེས་གཙུག་ལག་ཁང་གི་དཀྱིལ་འཁོར་འཁྲིས་ལ་གུ་རུ་ང་འདྲ་མ་བཞེངས་པ་རེད། གུ་རུ་ང་འདྲ་མ་བཞེངས་ཟིན་རྗེས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གུ་རུ་ང་འདྲ་མ་བཞེང་རྒྱུ་ཡིན་ཞེས་ཞུ་སྐབས་ཁོང་གིས་བྱས་ན་རྒྱལ་བའི་སྐུ་འཁོར་ཧྲག་བསྡུས་ཤིག་རྒྱ་གར་ལ་ཕེབས་ཐུབ་མདོག་ཁ་པོ་རེད་ཅེས་བཀའ་མོལ་དེ་བྱུང་བ་རེད། དེ་བཞིན་ཇོ་བོ་རིན་པོ་ཆེའི་བཞུགས་ཁྲིའི་ཕྱོགས་བཞི་ལ་མཆོད་རྟེན་རེ་བཞེང་དགོས་ཀྱི་འདུག་ཅེས་བྱུང་བ་རེད་ཀྱང་དེ་དུས་ང་ཚོས་མགོ་མཁྲེགས་པོ་བྱས་ཏེ་བླ་མ་སྐྱེད་དམན་ཡོད་མཁན་ལ་ཞེ་དྲག་ཆ་འཇོག་བྱ་རྒྱུ་མེད་ཅེས་བསྐྱུར་བཞག་པ་རེད། དེ་ལྟར་བྱས་རྐྱེན་ངོས་ཀྱིས་སེམས་ནང་འགྱོད་པ་ཞིག་ཡོད། གུ་རུའི་སྐུ་སྣང་སྲིད་གཟི་གནོན་བཞེངས་མ་ཐུབ་པ་དེས་དངོས་གནས་རྟེན་འབྲེལ་ཞིག་ཉེས་པ་འདྲ་བསམས་ཏེ་ངོས་ཀྱི་སེམས་ནང་འགྱོད་པ་ཞིག་ཡོད། དེ་རྗེས་རྒྱ་གར་དུ་རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་བའི་འཕགས་པ་རང་བྱུང་ལྔ་ལྡན་གྱི་དབུ་གཉིས་གསུམ་ཞིག་ངོས་ལ་འབྱོར་བྱུང་། དེ་དག་གཟུངས་གཞུག་ལ་ཕུལ་ནས་ཐུགས་རྗེ་ཆེན་པོའི་སྐུ་དེ་བཞེངས་པ་རེད། ཁ་སང་སེ་རར་ཁྲི་རིན་པོ་ཆེས་མཎྜལ་ལྗགས་བཤད་གནང་སྐབས། །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང། །ཞེས་པའི་ལུང་འདྲེན་དེ་གནང་སོང། དེ་རྗེས་ངོས་ནས་འདི་ལྟར་ཞུས་པ་ཡིན། དེར་ངོས་ལ་ལོ་རྒྱུས་ཤིག་ཤོད་རྒྱུ་ཡོད། ལྷ་སར་རིག་གནས་གསར་བརྗེ་མ་བྱུང་གོང་། ངོས་ལ་མཚན་མོ་ཞིག་རྨི་ལམ་ནང་ངོས་རང་ལྷ་ས་གཙུག་ལག་ཁང་དུ་བསླེབས་འདུག གཙུག་ལག་ཁང་དུ་ཡར་མཆོད་མཇལ་ལ་ཕྱིན་ཏེ་རང་བྱུང་ལྔན་ལྡན་གྱི་མདུན་དེར་སླེབ་སྐབས་རང་བྱུང་ལྔན་ལྡན་གྱི་སྐུ་དེས་ངོས་ལ་ཡར་ཤོག་ཅེས་མིག་བཙུམ་བསྐྱོན་གྱི་འདུག ངོས་རང་ཧ་ཅང་དགའ་པོ་བྱུང། ཡར་ཕྱིན་ཏེ་རང་བྱུང་ལྔ་ལྡན་གྱི་མགུ་ལ་ངོས་ཀྱིས་ལག་པས་འཁྱུད་དེ་སྡོད་སྐབས་སེམས་པ་སྐྱོ་བ་དང་དགའ་བ་ལྟ་བུ་བྱུང་། རང་བྱུང་ལྔ་ལྡན་གྱིས་ཞལ་ནས་། །བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། ཞེས་པའི་ཚིག་བཅད་དེ་གསུང་སྐབས་ངོས་ནས་ཀྱང་མཉམ་དུ། བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས། བརྟན་སྤྲོ་ལེ་ལོ་མ་མཆིས་ཤིང། །སྟོབས་དང་ལྡན་པའི་ལུས་སེམས་ཀྱིས། །བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག ཅེས་པའི་ཚིག་བཅད་དེ་སྐྱོར་བ་ཡིན། དེའི་རྗེས་རིག་གནས་གསར་བརྗེ་བྱུང་སྟེ་རང་བྱུང་ལྔ་ལྡན་གྱི་སྐུ་གཏོར་བཤིག་བཏང་བ་རེད། དེར་བརྟེན་སེམས་ཤུགས་མ་ཆག་ཅེས་གསུངས་པ་རེད་འདུག རིག་གནས་གསར་བརྗེའི་མ་བྱུང་གོང་དེར་གནས་ཆུང་གི་ལུང་བསྟན་ཞིག་བརྒྱབ་བྱུང་། གཙུག་ལག་ཁང་ལ་ཉམས་ཉེས་འགྲོ་རྒྱུའི་ཉེན་ཁ་འདུག རྡ་ས་ནས་རབ་གནས་བྱེད་དགོས་ཡོད་ཅེས་གསུངས་བྱུང་། ང་ཚོས་རབ་གནས་ཚར་ཁ་ཤས་བྱས་པ་རེད། ཐུགས་རྗེ་ཆེན་པོའི་སྐུ་བཞེངས་པ་དང་ཆབས་ཅིག་བོད་བསྟན་སྲིད་དོན་དུ་སློབ་དཔོན་གྱི་སྐུ་ཞིག་བཞེངས་ཏེ་དེའི་ཞལ་ཤར་ཕྱོགས་བོད་དུ་གཟིགས་པ་ཞིག་བཞེངས་པ་རེད། དེ་ཡང་གུ་རུ་སྣང་སྲིད་གཟི་གནོན་གྱི་སྐུ་བཞེངས་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན། དེའི་སྐབས་སུ་ལྡི་ལིར་ཡོད་པའི་དགེ་ལུགས་ཚོགས་པ་ཞེས་པ་ཞིག་སྔ་མོ་རེད། སྟག་ལུང་བྲག་གི་དབུ་མཛད་ངོས་ཀྱིས་ཧ་ཅང་རེ་བ་བྱས་ཏེ་གྲྭ་ཚང་ལ་འཁྱུད་ཙམ་སྡོད་བརྗོད་པ་ཡིན། ཁོང་རང་སྐད་གང་ཙམ་ཡག་པོ་ཡོད། འོན་ཀྱང་འཆི་ཁར་ཁོ་པས་ལྡི་ལིར་ཡོད་པའི་དགེ་ལུགས་ཚོགས་པ་ཡིན་ཞེས་ནས་རྗེ་རིན་པོ་ཆེའི་སྐུ་བཞེངས་དགོས་པ་ལས་སློབ་དཔོན་གྱི་སྐུ་བཞེང་ན་འགྲིག་གི་མི་འདུག་ཅེས་ངོས་ལ་ཡི་གེ་འབྱོར་བྱུང་། དེའི་སྐབས་རིག་གནས་གསར་བརྗེའི་རྗེས་ལ་རྗེ་རིན་པོ་ཆེའི་སྐུ་གདུང་དགའ་ལྡན་ལ་གཏོར་བཤིག་ཕྱིན་པ་རེད་བརྗོད་དེ་རྗེ་རིན་པོ་ཆེའི་སྐུ་རུས་རེད་ཅེས་ནས་སྐུ་རུས་འགའ་ཤས་ཤིག་ངོས་ལ་འབྱོར་བྱུང་། རྗེས་ལ་དོགས་པ་སྐྱེ་གཞི་གཅིག་ལ་རྗེ་རིན་པོ་ཆེའི་སྐུ་རུས་ཡིན་ཞེས་བརྗོད་རྒྱུ་འདྲ་འདྲ་ལ་སྐུ་རུས་གཅིག་ལ་ཞག་ཚི་ཏོག་ཙམ་ཡོད་པ་དང་གཅིག་ལ་ཞག་ཚི་རྩ་བ་ནས་མེད་པར་དཀར་རྐྱང་འདུག་པས་ངོས་རང་ཐེ་ཚོམ་སྐྱེས་བྱུང། རྗེས་ལ་རྒན་འབུམ་མིག་ཞིང་གཤེགས་དེས་ངོས་ལ་ལན་ཞིག་འབྱོར་བྱུང་། རྗེ་རིན་པོ་ཆེའི་སྐུ་གདུང་ད་ལྟ་བཞུགས་ཡོད་ཅེས་པའི་སྐད་ཆ་བྱུང་ལ་ཁག་ཁ་ཤས་ནས་དེ་རང་གོ་ཡོང་གི་འདུག དེར་བརྟེན་རྗེ་རིན་པོ་ཆེའི་སྐུ་རུས་དེ་གསེར་གྱི་མཆོད་རྟེན་ཞིག་བཞེངས་དགོས་བསམ་པ་དྲན་བྱུང་། འོན་ཀྱང་ལྡི་ལིར་ཡོད་པའི་དགེ་ལུགས་ཚོགས་ཁག་ཡིན་ཟེར་མཁན་ཚོས་ངོས་ལ་སློབ་དཔོན་གྱི་སྐུ་བཞེང་ན་འགྲིག་གི་མི་འདུག་ཅེས་བརྗོད་ཡོང་སྐབས་ངོས་རང་ཏོག་ཙམ་བློ་ཕམ་བྱུང་། རྗེ་རིན་པོ་ཆེའི་སྐུ་རུས་ལ་གསེར་གྱི་མཆོད་རྟེན་དེ་ཡང་བཞེངས་འདོད་མ་བྱུང་བར་གཡུགས་བཞག་པ་ཡིན། དེ་རྗེས་ཕ་རྒོད་བླ་མའི་ཞལ་ལུང་དེ་ཐོན་པ་རེད། ངོས་ནས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་སྤྱོད་འཇུག་སོགས་ཞུས་ཟིན་པ་རེད།
དེ་སྔོན་སྔ་འགྱུར་རྙིང་མའི་རྒྱུད་གསང་བ་སྙིང་པོ་དེ་ཞུས་དགོས་བསམས་ཏེ་ཡོངས་འཛིན་རིན་པོ་ཆེར་བཀའ་དྲི་ཞུ་སྐབས་ཁོང་གིས་དེ་རྙིང་མའི་རྒྱུད་ཡིན་པས་རྙོག་གྲ་ཚ་རོགས་མིན་ནམ་གསུངས་བྱུང་། གླིང་རིན་པོ་ཆེས་དོལ་རྒྱལ་རྩ་བ་ནས་བསྟེན་གནང་གི་མེད། གླིང་རིན་པོ་མཆོག་སྐྱབས་རྗེ་ཁ་ཕོང་ཁ་རིན་པོ་ཆེའི་སྲས་ཀྱི་གཙོ་བོའི་གྲས་རེད་ལ་གཙུག་ཏུ་བཀུར་གནང་གི་རེད། འོན་ཀྱང་དགེ་ལུགས་པ་ཞིག་གིས་རྙིང་མའི་ཆོས་བྱས་ན་གནོད་ཀྱི་རེད་ཅེས་པ་ཡོངས་གྲགས་ཀྱི་སྐད་ཆ་དེས་རྐྱེན་བྱས་ཏེ་ཡོངས་འཛིན་རིན་པོ་ཆེས་ཀྱང་ཏོག་ཙམ་ཐུགས་འཛེམས་གནང་རྒྱུ་བྱུང་སོང། རྗེས་ལ་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། དེ་དུས་ངོས་ལ་ཆོས་དད་རང་དབང་མ་བྱུང་རེད། ཕ་རྒོད་ལྷ་མོའི་ཞལ་ལུང་ཐོན་རྗེས་ངོས་ཀྱིས་གནས་ཆུང་ལ་ཁྱེད་རང་ཁ་ཁ་སྡོད་ཅེས་བརྗོད་པ་ཡིན། ད་ཆ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཚོས་སྐད་ཆ་གང་བྱུང་མ་བྱུང་ཤོད་ཀྱི་འདུག ཁྱེད་རང་ལ་ག་རེ་ཤོད་རྒྱུ་ཡོད་དམ་ཞེས་སྐད་ཆ་དྲི་སྐབས་ཨ་སྲས་འཁྱམས་པོ་བསྟན་ན་དཔལ་ལྡན་ལྷ་མོ་འཁོན་གྱི་རེད། ང་རྒྱལ་པོ་སྐུ་ལྔར་བརྩིས་དགོས་པ་མི་འདུག་ཀྱང་དཔལ་ལྡན་ལྷ་མོ་འཁོན་གྱི་རེད་ཅེས་གསུངས་བྱུང་། དེ་ནས་མར་འཕྲོས་ཏེ་སྐྱབས་རྗེ་ཕ་བོང་ཁ་བླ་མ་བསམ་གྱིས་མི་ཁྱབ་པ་ཡིན་ཡང་ཁོང་གི་སྐུ་ཚེའི་སྨད་ལ་དོལ་རྒྱལ་ཤུགས་ཆེ་བསྟེན་པ་དེ་ནོར་འཁྲུལ་བྱུང་བ་རེད། ང་དཔལ་དཀར་རྒྱལ་པོ་འཁོན་པ་ཅི་ལ་ཡིན་ཏེ། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་ཡང་སྲིད་རྒྱུན་མར་བཅས་པའི་སྐུ་ཚེའི་མཛད་འཕྲིན་མཐའ་འཁྱོལ་མི་ཡོང་ཞེས་གནས་ཆུང་གིས་གསུང་བྱུང་། དེ་ལྟར་དཔལ་ལྡན་ལྷ་མོ་འཁོན་གྱི་ཡོད་ན། ངོས་རང་ཨ་མདོའི་ཕྲུ་གུ་སྣ་ཚིར་ཞིག་༸རྒྱལ་དབང་གོང་མའི་ཁྲི་ལ་བཀོད་མཁན་དེ་དཔལ་ལྡན་ལྷ་མོས་བཀོད་པ་རེེད། ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་པའི་ཡི་གེ་གསུམ་གྱི་ཐོག་ནས་ངོས་རང་བསླེབས་པ་རེད། ཨ་དེ་ཨ་མདོ་དང་ཀ་དེ་སྐུ་འབུམ། མ་དེར་འགྲེལ་བཤད་རྒྱག་མཁན་མང་པོ་ཡོང་གི་འདུག་ཀྱང་ངོས་ཀྱིས་ཕྱིས་སུ་གོ་ཚོད་བྱས་ན། རྟ་ཕུག་གི་ལུང་བསྟན་ཞིག་ཡོད། ངོས་རང་ཆུང་དུས་ལུང་བསྟན་དེ་གོ་མྱོང། སྐུ་མདུན་སྐུ་གོང་མ་མཁར་རྡོ་འམ་རྟ་ཕུག་གཅིག་གིས་གཟིགས་སྣང་ལ་སྐུ་མདུན་སྐུ་གོང་མ་༸ཞབས་སྟེགས་ཐོག་བཞུགས་འདུག དེའི་འཁྲིས་ལ་མ་ཡུམ་ཡིན་པ་ལྟ་བུ་ཞིག་འདུག སྐུ་མདུན་གྱི་ཕྱག་ལ་འཕྲེང་བ་ཞིག་འདུག འགོ་སྟོད་འཕྲེང་བ་དེར་འཕྲེང་རྡོག་བརྒྱད་ཅུ་དགུ་བཅུ་ཞིག་འདུག་ཀྱང་ད་ཆ་གཅིག་ཟད་གཉིས་ཟད་ཀྱིས་ལྔ་བཅུ་ང་གྲངས་ཤིག་མ་གཏོགས་མི་འདུག ཅེས་གང་ལྟར་སྐུ་གོང་མ་ཞིང་དུ་གཤེགས་རྒྱུའི་ལུང་བསྟན་གསལ་པོ་ཡོད་པ་ལྟ་བུ་འདུག དེ་ནས་ཡང་ལུང་བསྟན་ཞིག་ལ་ཡང་སྲིད་རྗེས་པ་དེ་གཅིག་བྱས་ན་ཨ་མདོ་ནས་ཡོང་གི་རེད། གཅིག་བྱས་ན་མོན་ནས་ཡོང་གི་རེད་ཅེས་པའི་ལུང་བསྟན་ཞིག་འདུག ངོས་ནས་བརྗོད་དགོས་དོན་ནི་དེའི་ནང་ལ་གཅེས་པའི་བུ་ལ་བུ་མོའི་མིང་ཐོགས་པ་ཞིག་ཡོད།
སྤྱིར་བཏང་ཨ་མདོའི་མིང་ལ་སྒྲོལ་མ་སྐྱབས་དང་ལྷ་མོ་སྐྱབས་ཞེས་པའི་མིང་མང་པོ་འདོགས་ཀྱི་ཡོད། ངོས་ཀྱི་མིང་ལ་ངོས་རང་སྐྱེས་ནས་ཆུང་ཆུང་སྐབས་ང་ཚོའི་ནང་ལ་སྐུ་འབུམ་གྱི་དགེ་བཤེས་རྩ་ཆེན་པོ་ཞིག་ཡོད། ཁོང་ཤག་སྐོར་རི་ཁྲོད་ལ་མཚམས་ལ་ཕེབས་ཀྱི་ཡོད། གནས་ཚང་མཚམས་རེ་ང་ཚོའི་ནང་བཞུགས་ཀྱི་ཡོད་འདུག དེར་བརྟེན་ཕྲུ་གུ་ཆུང་ཆུང་ཞིག་ཡོད་པས་དེར་མིང་ཞིག་གནང་རོགས་ཞུས་སྐབས་ངོས་ཀྱི་མིང་ལ་ཁོང་གིས་ལྷ་མོ་དོན་གྲུབ་ཅེས་བཏགས་པ་རེད། ངོས་རང་སྐྱེ་བ་ཕོ་ལུས་ཐོབ་པ་ཞིག་ཡིན་ཡང་ལྷ་མོའི་མིང་བཏགས་ཡོད། ངོས་ཀྱི་མིང་ནང་ལྷ་མོ་དོན་གྲུབ་ཅེས་པའི་མིང་དངོས་གསལ་དོད་པོ་ཡོང་བ་དེ་ལྷ་མོ་ཞེས་པའི་མོ་དེ་ཕལ་ཆེར་ཡིན་ས་རེད། དེར་བརྟེན་ངོས་ཀྱིས་ཨ་ཀ་མ་ཞེས་པའི་དེ་མིན་ནམ་སྙམ་གྱི་ཡོད། གང་ལྟར་དཔལ་ལྡན་ལྷ་མོའི་བླ་མཚོའི་ནང་ནས་རྒྱལ་པོ་རྭ་སྒྲེང་ལ་མཚོ་གཟིགས་བྱུང་རྗེས་ཨ་མདོར་དོ་སྣང་བསླེབས། དེ་བཞིན་གཡས་གཡོན་ནས་རྩད་གཅོད་བྱེད་མཁན་ཁ་ཤས་ཡོད་པ་འདྲ། གཙོ་བོ་དེ་མདོ་སྨད་ལ་ཕྱིན་པ་རེད། གང་ལྟར་ངོས་རང་བདག་པོ་རྒྱག་མཁན་དེ་དཔལ་ལྡན་ལྷ་མོ་ཆགས་ཡོད། དུས་ད་ལྟ་བར་དུ་བོད་བསྟན་སྲིད་དང་ངོས་རང་སྒེར་གྱི་དོན་འགངས་ཆེ་བ་ཚང་མ་ལྷ་མོར་མོ་བརྒྱབ་སྟེ་ཟན་བརྟག་སྒྲིལ་ནས་ཐག་གཅོད་བྱེད་ཀྱི་ཡོད། ལོ་བཅུ་གསུམ་བཅུ་བཞི་ནས་གལ་ཆེ་བ་ཡོངས་རྫོགས་མོ་བརྒྱབ་ནས་ཐག་བཅད་པ་ཡིན། ཆུང་ཆུང་སྐབས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ཞལ་འདོན་གནང་། སྐྱབས་རྗེ་གླིང་རིན་པོ་ཆེས་ཐུགས་སྨོན་གནང་གི་ཡོད། ངོས་ལ་ཤོ་དཀར་ནག་གཉིས་ཡོད་པ་དེ་ཁྲི་བྱང་རིན་པོ་ཆེས་ངོས་ལ་གསོལ་རས་གནང་བྱུང། དེ་ལྟར་དུས་ད་ལྟ་བར་དུ་ལས་ཀ་ཆོས་སྲིད་མདོར་ན། གཤག་བཅོས་དང་སྨན་བཅོས་བྱེད་རྒྱུ་ཚུན་ཆད་གལ་ཆེ་བ་དེ་དག་མོ་བརྒྱབ་ནས་ཐག་བཅད་པ་ཡིན་པས་བསླུ་བ་རྩ་བ་ནས་བྱུང་མ་སོང། ངོས་རང་ལོ་བདུན་ཅུ་དོན་དྲུག་ལ་བསླེབས་སོང་བསླུ་བ་ཁྱོན་ནས་མ་བྱུང་། ངོས་རང་ཡིད་ཆེས་ཡོད། དེར་བརྟེན་དོལ་རྒྱལ་བསྟེན་ན་དཔལ་ལྡན་ལྷ་མོ་འཁོན་གྱི་ཡོད་ན་དེ་འགན་ལྗིད་པོ་རེད། དེར་བརྟེན་ངོས་ཀྱིས་ངོས་རང་དོལ་རྒྱལ་སྟེན་དང་མ་བསྟེན་གྱི་ཟན་བརྟག་ཞུས་སྐབས་མཚམས་འཇོག་བྱེད་དགོས་ཞེས་ཐོན་པ་རེད། འགོ་སྟོད་ངོས་རང་གིས་མཚམས་འཇོག་བྱས་པ་མ་གཏོགས་མི་ལ་བརྗོད་རྒྱུའི་བསམ་བློ་གང་ཡང་མེད། སྐབས་དེའི་བྱང་རྩེ་གྲྭ་ཚང་གི་མཁན་པོ་བསམ་གཏན་རྒྱ་བོ་ལགས་ལ་ཆ་བཞག་ན་ཁོང་ཟན་བརྟག་སྒྲིལ་བའི་ཉི་མོ་དེར་ཡོད། དེ་དུས་ཟན་བརྟག་དེ་གལ་ཆེན་དང་དམིགས་བསལ་བྱས་ནས་བསྒྲིལ་བ་ཡིན། ཟན་བརྟག་བསྒྲིལ་ཟིན་པའི་སང་ཉིན་དེར་ངོས་ཀྱི་མཁན་པོ་རྒྱ་བོ་ཤོག་བྱས་ཏེ་ངོས་ཀྱིས་ཁ་སང་ཟན་བརྟག་བསྒྲིལ་བར་ཁྱེད་རང་གིས་བལྟས་ན་ཆ་འཛིན་བྱེད་ཆོག་པ་གང་འདྲ་ཡོད་དམ་ཞེས་དྲིས་པ་ཡིན། ཁོང་གིས་སྤྱིར་རྒྱལ་བ་རིན་པོ་ཆེས་ཟན་བརྟག་བསྒྲིལ་བ་དེར་བསླུ་བ་རྩ་བ་ནས་ཡོང་ཤེས་ཀྱི་མ་རེད། ལྷག་པར་ཁ་སང་ཟན་བརྟག་སྒྲིལ་གནང་རྒྱུ་དེ་ཐུགས་སྨོན་མཚམས་སྦྱོར་ཧ་ལས་པ་གནང་སོང་བས་བསླུ་བ་ཁྱོན་ནས་ཡོང་གི་མ་རེད་ཅེས་བརྗོད་བྱུང་། བསླུ་བ་ཡོང་གི་མེད་ན་ངོས་ཀྱིས་དོལ་རྒྱལ་བསྟེན་སྲོལ་བྱེད་རྒྱུ་དེ་ད་ལྟ་རང་མཚམས་འཇོག་བྱེད་དགོས་ཞེས་ཐོན་སོང་བརྗོད་པ་ཡིན། ཁྱེད་རང་སྲོག་གཏད་ཞུས་ཡོད་པ་རེད། གསོལ་ན་ཁྱད་པར་གང་ཡང་མེད་ཀྱང་གལ་ཆེན་པོ་བྱས་ཏེ་མ་གསོལ་ཨང་ཞེས་རྗེས་སུ་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཡང་ཞུས་པ་ཡིན། ལྷ་མོ་གཙོ་བོ་རེད། དེའི་འོག་རྒྱལ་པོ་སྐུ་ལྔ་ཡིན། དེའི་འོག་བླ་བྲང་ཚོར་ཆ་བཞག་ན་ཕྱག་མཛོད་ལྟ་བུ་རྒྱལ་པོ་སྐུ་ལྔ་ཡིན་པ་དང། དེའི་འོག་གི་གཉེར་པ་ལྟ་བུ་དོལ་རྒྱལ་གསོལ་ན་ཁྱད་པར་མེད། འོན་ཀྱང་གཟབ་གཟབ་མ་གནང་ན་ཡག་པོ་མི་འདུག་ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཡང་ཞུས་པ་ཡིན། དེ་དུས་ངོས་ནས་མི་གཞན་དོལ་རྒྱལ་བསྟེན་མཁན་ཚོས་མུ་མཐུད་བསྟེན་གྱི་རེད་ཅེས་བརྗོད་པ་ཡིན། འོན་ཀྱང་དེ་རྗེས་བྱང་རྩེ་གྲྭ་ཚང་གི་རྙོག་གྲ་དེ་བྱུང་བ་རེད། བྱང་རྩེ་གྲྭ་ཚང་ལ་ལྷ་མོའི་འཁོན་འདུག་ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་ངོ་མས་བཀའ་གནང་བ་རེད། དེ་དུས་བྱང་རྩེའི་ཁྲི་ཟུར་འཇམ་དཔལ་གྱིས་སྐྱབས་རྗེ་རིན་པོ་ཆེས་ལྷ་མོ་འཁོན་པའི་བཀའ་གནང་གི་འདུག་ཅེས་ངོས་ལ་བརྗོད་བྱུང་། རྗེས་ལ་ངོས་ལ་ཐུགས་དམ་འབྱོར་བ་རེད། དེ་ནས་ངོས་ཀྱིས་འཁོན་པ་ཡིན་དང་མིན་མོ་རྒྱག་སྐབས་ལྷ་མོ་འཁོན་པ་ཡིན་ཞེས་ཐོན་སོང། ལྷ་མོ་འཁོན་པ་ཡིན་ན་ལྷ་སྲུང་བསྟེན་ཕྱོགས་ཐོག་ནས་ལྷ་མོ་འཁོན་པ་ཡིན་ནམ། རྒྱུ་རྐྱེན་གཞན་དག་ཐོག་ནས་འཁོན་པ་ཡིན་ཞེས་མོ་རྒྱག་སྐབས། ལྷ་སྲུང་བསྟེན་ཕྱོགས་ཐོག་ནས་ལྷ་མོ་འཁོན་པ་ཡིན། ཞེས་བབས་སོང།
དོལ་རྒྱལ་བསྟེན་པ་དེས་ལྷ་མོ་འཁོན་པ་ཡིན་པ་གསལ་པོ་ཞིག་ཟན་བརྟག་ནང་ཐོན་སོང། མཐའ་མར་བྱང་རྩེ་གྲྭ་ཚང་གི་ཟན་བརྟག་བསྒྲིལ་ཟིན་རྗེས་སེར་ཀོང་མཚན་ཞབས་རིན་པོ་ཆེ་དང་མཁན་པོ་རྒྱ་བོ་ཁོང་གཉིས་ཕེབས་བྱུང་བར། ཁ་སང་གི་ཐུགས་དམ་དེ་ངོས་ཀྱིས་གལ་ཆེན་པོའི་ཐོག་ནས་ཟན་བརྟག་སྒྲིལ་སྐབས་དེ་འདྲ་ཞིག་བབས་སོང། འོན་ཀྱང་ཐུགས་དམ་དེ་ངོས་ཀྱིས་ཡིག་ཐོག་ལ་བཀོད་མེད། ཡིན་ཡང་ཁྱེད་རང་གཉིས་ཀྱིས་ནང་དོན་བྱང་རྩེ་གྲྭ་ཚང་གི་འགོ་ཁྲིད་མཁན་ཚོར་དེ་བཀའ་གནང་རོགས། གནད་འགག་དེ་འདྲ་ཞིག་འདུག་ཅེས་ཞུས་པ་ཡིན། རིམ་པས་དམ་བསྒྲགས་བྱེད་རྒྱུ་དེ་ཕྲན་བུ་ཆེ་རུ་བཏང་བ་རེད། དེ་ནས་དོལ་རྒྱལ་ཚོགས་པ་བཙུགས་པ་རེད། དོལ་རྒྱལ་བསྟེན་མཁན་དེ་དག་གིས་ཡིག་ཆ་ཁ་ཤས་ནང་ད་ལྟ་༸རྒྱལ་བ་རིན་པོ་ཆེ་བསམ་བཞིན་དུ་བསྟན་པ་སྣུབ་རྒྱུར་སྐྱེས་པ་རེད་ཅེས་པའི་ཡིག་ཆ་དེ་འདྲའང་ཐོན་སོང་། དེ་བཞིན་ཡིག་ཆ་གཞན་ཞིག་གི་ནང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་འདི་༸རྒྱལ་བ་རྫུན་མ་རེད་ཅེས་ཐོན་ཡོད། དེ་དུས་ངོས་ཀྱིས་བརྗོད་པ་ཡིན་ངོས་རང་རྫུན་མ་ཡིན་ཡང་ཁྱད་པར་གང་ཡང་མེད། གང་ལྟར་སྔ་མའི་ངོ་མ་དེ་ཚོ་ལས་ལྷག་པ་མེད་ནའང་ཆད་པ་བྱུང་མེད་ཅེས་དེ་དུས་ངོས་ཀྱིས་རྩེད་མོ་དང་སྦྲགས་བརྗོད་པ་ཡིན། བོད་ཆགས་འཇིག་མཚམས་སུ་སླེབ་སྐབས་༸རྒྱལ་བ་རྫུན་མ་འདིས་གང་ལ་གང་ཙམ་གྱིས་ཕན་ཐོགས་བྱས་ཡོད། ཅེས་ཚུར་འུད་ཤོབ་བཤད་ན། ཕར་ལའང་ཤོད་རྒྱུད་ཆོས་ཉིད་མ་རེེད་དམ། ཞེས་ཞལ་ཤོབ་དང་སྦྲགས་བཀའ་ཕེེེབས་ཡོད།
ཡང་༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་ཕེབས་དོན། གལ་ཆེ་བ་ཞིག་ལ་བོད་ནང་རིས་མེད་ཀྱི་རྒྱལ་བསྟན་ཡག་པོ་ཞིག་དར་ཐུབ་རྒྱུ་དེ་ཡང་ཐུགས་མཐུན་ཁྲིམས་གཙང་ཞིག་བྱུང་ན་བསམས་ཏེ་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད། དེ་ལ་༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀག་འགོག་བྱེད་རྒྱུ་དེ་རྙིང་མར་བཟོད་སྲན་དང་ངོ་སྲུང་བྱས་པ་རེད་ཅེས་དང་། ཡང་རིགས་ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེའི་ནང་དོན་གྱི་བསམ་བློ་མ་རེད། དེ་ངོ་མ་ལྕོགས་པར་བརྗོད་པ་རེད་ཅེས་བོད་ནང་དཀྲོག་གཏམ་བཤད་པ་མ་ཟད། རྒྱ་གར་ནང་དུའང་དཀྲོག་གཏམ་ཤོད་ཀྱི་འདུག ལྷ་མི་སྲུང་སྐྱོབ་ཚོགས་པ་ཞེས་པ་ཞིག་བཙུགས་ཏེ་མི་བསད་སོང་། ཉེས་རྡུང་བཏང་སོང་། ཉེར་ཆར་འདི་ག་སེར་ཀོང་ཁང་ཚན་ནང་ལ་ཁང་ཚན་དགེ་རྒན་དྲན་པ་ཐོར་དགོས་པའི་ཉེས་རྡུང་བཏང་འདུག གང་ལྟར་མི་འཚམ་པ་ཁོ་ན་བྱེད་ཀྱི་འདུག དེ་དག་བྱེད་མཁན་རྒྱ་གར་གྱི་ཉེན་རྟོག་མི་སྣས་དོལ་རྒྱལ་ཚོགས་པའི་མི་རེད་འདུག་ཅེས་བརྗོད་པ་རེད། དེར་བརྟེན་ཕར་ཕྱོགས་དེར་འཕག་འཚག་རྒྱག་སྐབས་ངོས་ཀྱིས་གཙོ་བོ་བོད་ནང་མགོ་སྐོར་མ་ཐེེབས་པའི་དོན་དུ་གསལ་བཤད་བྱེད་རྒྱུ་དེ་ཤུགས་ཆེ་རུ་མ་བཏང་ན་འགྲིག་གི་མི་འདུག དེར་བརྟེན་ངོས་ཀྱིས་གསལ་བཤད་བྱེད་རྒྱུ་དེ་ཤུགས་ཆེ་རུ་ཆེ་རུ་བཏང་བ་རེད། རྒྱུ་མཚན་གཅིག་དེ་དོན་གྱི་ཆ་ནས་ཡིནའང་ཁ་སང་བཀའ་ཆོས་ལ་བརྗོད་པ་ལྟར་རེད། ངོས་དང་ཆོས་འབྲེལ་ཐོག་ནས་འབྲེལ་བ་བྱས་ན་ཁོ་དམ་སྲི་ཡོད་པའི་མི་ཞིག་ཡིན་སྟབས། བླ་མའི་ཚེ་ལ་གནོད་ཀྱི་རེད་ལ་སློབ་མ་དང་བསྟན་པར་ཡང་ཕན་ཐོགས་ཀྱི་མེད། དེར་བརྟེན་ངོས་ཀྱིས་དམ་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན། དེ་ལྟར་རིགས་མང་པོ་ཞིག་གིས་བསམ་བཞིན་དུ་ངོས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཕྱི་གསལ་ནང་གསལ་ཐོག་ངོ་རྒོལ་བྱས་ན་ཁྱད་པར་གང་ཡང་མི་འདུག དེ་མིན་གནས་ཚུལ་ངོ་མ་གང་ཡིན་མ་ཤེས་པར་མགོ་སྐོར་ཐེབས་ཏེ་བྱེད་རྒྱུ།
དཔེར་ན། ངོས་རང་མགོ་སྐོར་ཐེབས་པ་ལྟ་བུ་རེད། དེ་འདྲ་ཏན་ཏན་ཡོང་གི་རེད། དེ་ཚོའི་གྲས་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་འདུག་ཅེས་ངོས་ཀྱིས་བརྗོད་རྒྱུ་དེ་ཡིན། གང་ལྟར་སེར་སྨད་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་ལ་བར་སྐབས་དམིགས་བསལ་གྱི་དཀའ་ངལ་མང་པོ་ཞིག་འཕྲད་སོང་། འོན་ཀྱང་ཁྱེད་རང་ཚོས་དགའ་ལྡན་ཕོ་བྲང་དང་བོད་སྤྱི་པའི་དོན་ལ་བསམ་བློ་བཏང་སྟེ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་དཀའ་ངལ་སེལ་རྒྱུ་གནང་བ་རེད། བར་སྐབས་ཤར་རྩེ་གྲྭ་ཚང་གི་དགེ་འདུན་དམངས་དེ་དག་གིས་ཧུར་ཐག་འབད་ཐག་བྱས་སོང་ཉུང་ཤས་ནི་གནས་ཚུལ་ཁག་ཁག་རེད། ཁྱེད་རང་ཚོ་དཀའ་ལས་ཁག་པོ་བྱུང་ཡང་ད་ལྟ་ཁྱེད་རང་ཚོ་གཞི་ནས་ཚགས་ཚུད་བྱུང་བར་བརྟེན། དེ་རིང་ངོས་རང་འདི་གར་བསླེབས་པ་རེད། ཧ་ཅང་དགའ་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ནས་ཆོས་འབྲེལ་ཞུ་རྒྱུ་ཡིན། གདན་ས་གསུམ་གྱི་མཁན་པོའི་ནང་དབྱིན་ཇི་དང་རྒྱ་སྐད། ཧིན་ངྷི། བོད་ཡིག་བརྗོད་མི་དགོས་པ་རེད། དེ་འདྲ་ཤེས་མཁན་ད་ལྟ་ཧ་ལམ་མི་གཅིག་མ་གཏོགས་མེད། ཤར་རྩེ་གྲྭ་ཚང་གི་མཁན་པོ་ཤར་རྩེ་གྲྭ་ཚང་གི་སྔོན་ཐོན་པ་རེད་འདུག ང་ཚོ་དེ་སྔ་བོད་ལ་ལོ་སྟོང་ཕྲག་རིང་ལ་སོ་སོའི་ལུང་པའི་ནང་སྡོད་ཀྱི་ཡོད་སྟབས་སོ་སོའི་སྐད་མ་གཏོགས་དགོས་ཀྱི་མེད། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་པ་དེས་རྐྱེན་ངན་གྲོགས་སུ་ཤར་བ་ལྟ་བུས་འཛམ་བུ་གླིང་སྤྱི་ལ་འབྲེལ་བ་ཆགས་རྒྱུ་དང་ཁྱབ་འགྲོ་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན་དབྱིན་སྐད་དང་རྒྱ་སྐད། དེ་བཞིན་ཧིན་ངྷི་ཤེས་རྒྱུ་གལ་ཆེན་པོ་འདུག སེར་འབྲས་དགའ་གསུམ་ཚང་མའི་དགེ་འདུན་རབ་བྱུང་གི་སྡེའི་ནང་ནས་བསླབ་པ་སློབ་གཉེར་ཡོད་པའི་རབ་བྱུང་ཕོ་མོ་ཚོར་སོ་སོའི་གཞུང་ནང་གི་སློབ་སྦྱོང་ཡོད་པའི་ནང་ཡིན་གཅིག་མིན་གཅིག་དབྱིན་སྐད་དང་རྒྱ་སྐད། ཧིན་ངྷིའི་སྐད། དེ་བཞིན་ས་གནས་འདི་གའི་ཡུལ་སྐད་བཅས་ལ་སློབ་སྦྱོང་བྱེད་དགོས་ཀྱང་དཔེ་ཆ་ལྟ་རྒྱུ་གཙོ་བོ་བྱེད་དགོས། དཔེ་ཆ་ལྟ་རྒྱུ་འཐུས་ཤོར་མ་ཕྱིན་པའི་ཐོག་ནས་སྐད་ཡིག་དེ་དག་ལ་དོ་སྣང་བྱས་ཏེ་ཤེས་པ་བྱེད་དགོས། དེའི་ཐོག་འཛམ་གླིང་སྤྱིའི་གནས་སྟངས་དེ་དག་བར་སྐབས་ང་ཚོས་ཚན་རིག་སློབ་སྦྱོང་སྤྲོད་བཞིན་ཡོད་པ་དེ་ཚོའི་གྲས་ང་ཚོས་བྱེད་རྒྱུ་རྫོགས་ནས་བྱས་པ་ཞིག་མ་རེད། དེ་དག་ཤེས་དགོས་པ་ཞིག་ཡིན། སངས་རྒྱས་ཀྱི་བསྟན་པ་དུས་རབས་ཉེར་གཅིག་འདིའི་ནང་དུས་ཚོད་དང་མཐུན་པའི་བསྟན་པའི་ཞབས་འདེགས་སྒྲུབ་དགོས་བྱུང་ན། ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་བསྟན་པའི་དགོས་ཆེད་དང་གནད་སྟོན་ཤེས་པ་ཞིག་དགོས་ཀྱི་ཡོད། དེར་བརྟེན་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་དགོས་པ་རེད་མ་གཏོགས། ང་ཚོས་ནམ་རྒྱུན་སྦྱང་དགོས་པ་གཅིག་པུ་བལྟས་ནས་ཕྱིན་ན། ཁྱབ་ཆེན་པོའི་ཐོག་ནས་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུ་ཆ་རྐྱེན་མ་ཚང་བ་ལྟ་བུ་རེད། དེ་བརྗོད་འདོད་བྱུང་ཞེས་བཀའ་སློབ་སྩལ་ཡོད།
དེ་རིང་གི་བཀའ་དབང་ཐོག་ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་གཙོས་བླ་སྤྲུལ་རྣམ་པ་དང་། མཁན་ལས་ཟུར་རྣམ་པ། གདན་ས་ཁག་གི་དགེ་འདུན་པ་རྣམ་པས་གཙོས་གྲྭ་བཙུན་གཞན་རྣམ་པ། བོད་ནས་ཕེབས་པའི་གསར་འབྱོར་བ་ཁག་གཅིག ཕྱི་རྒྱལ་བ་ཡུལ་གྲུ་འདྲ་མིན་ནས་ཡིན་པ་ཁག་གཅིག རྒྱ་གར་གྱི་ནང་པ་ཁག་གཅིག མོན་གྷོ་གཏན་སློབ་ཀྱི་སློབ་ཕྲུག དེ་བཞིན་མོན་གྷོ་ས་གནས་ཀྱི་གཞིས་མི་ཚོས་གཙོས་ལྷོ་ཕྱོགས་གཞིས་ཆགས་གཞན་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུར་བཅར་མཁན་ཁྱོན་མི་གྲངས་ཁྲི་གཉིས་མ་ཟིན་ཙམ་བཀའ་དབང་ཞུ་བར་བཅར་ཡོད་པ་བཅས། །