༢༠༡༡ ཟླ་ ༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་ཚོགས་ཁྲི་གཉིས་ཙམ་ལ་རྗེ་བཙུན་བྱམས་པ་མགོན་པོའི་རྗེས་གནང་བཀྲིན་སྩལ་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨ པ་ཡོལ་ཙམ་ལ་༸གོང་ས་མཆོག་ཕོ་བྲང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཤར་རྩེ་གྲྭ་ཚང་གི་འདུ་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གིས་རྗེ་བཙུན་བྱམས་པ་མགོན་པོའི་རྗེས་གནང་མ་སྩལ་གོང་བཀའ་སློབ་ཕེབས་དོན། ད་རེས་གཙོ་བོ་གདན་ས་ཁག་གཉིས་མཇལ་རྒྱུ་དེ་གྲུབ་ཟིན་པ་རེད། ཉིན་ཤས་རིང་ལ་དགེ་འདུན་དམངས་དང་། དེ་བཞིན་མི་མང་དང་སློབ་ཕྲུག རྒན་གསོ་ཁང་གི་རྒན་འཁོགས། ནད་གཅོང༌། ཉམ་ཐག འཆི་བ་ལ་སྔོན་ཕྱོགས་པ་དེ་དག་ཐུག་པར་ཧ་ཅང་དགའ་པོ་བྱུང་། གཙོ་བོ་དང་པོའི་དམིགས་ཡུལ་གཞི་བཞག་གི་རྩོད་རྒྱུགས་མཇལ་རྒྱུ་དེ་ཡག་པོ་ཞེ་དྲག་བྱུང་། ཁྱེད་རང་ཚོས་འདིར་རྩོད་པ་རྩོད་སྐབས་གོམས་ཆ་ཡོད་པ་ཙམ་མ་ཟད། གང་ལྟར་རྩོད་ཤུགས་དང་གོམས་འདྲིས་ཆེན་པོ་ཡོད་པ་གསལ་པོ་ཞེ་དྲག་འདུག རྒྱུན་དུ་ལོ་ནས་ལོ་བསྟུད་དེ་སྦྱངས་པའི་འབྲས་བུ་རེད་མ་གཏོགས་གློ་བུར་དུ་གྲ་སྒྲིག་བྱས་ཏེ་ཡོང་ཐུབ་རྒྱུ་མེད། ཁྱེད་རང་ཚོ་ཚང་མས་དུས་རྒྱུན་གཏན་ནས་རྩོད་ཤུགས་ཆེན་པོ་བྱས་ཏེ་ཡག་པོ་ཡོད་པ་མཐོང་བྱུང་བས་ཐུགས་རྗེ་ཆེ་ཞུ་གི་ཡིན། ད་དུང་ཡིན་ནའང་ཁ་སང་ནས་རིམ་པས་ཞུས་པ་ལྟར་ཉམས་ཞན་དུ་མི་འགྲོ་བར་ཚང་མས་ཐུགས་འཁུར་བསྐྱེད་དགོས་ཀྱི་རེད། དེ་ནས་ཐོས་བརྩོན་སྒྲུབ་ལ་གཞོལ་ཟེར་བ་དེ་ང་རང་ཚོ་སུ་དང་སུ་ཡིན་ནའང་དཔེ་ཆ་ལྟ་རྒྱུ་ཁག་པོ་ཡིན་ཡང་དེ་བས་སྒྲུབ་པ་ཉམས་ལེན་བྱེད་རྒྱུ་ཁག་པ་རེད། ང་ཚོས་དཔེ་ཆ་བལྟས་པའི་དགོས་དོན་དེ་སེམས་རྒྱུད་འདུལ་དགོས་རྒྱུ་རེད། སེམས་རྒྱུད་འདུལ་བར་སྒྲུབ་པར་གཞོལ་ནས་སེམས་རྒྱུད་འདུལ་དགོས་རེད་མ་གཏོགས་ཐོས་པ་ཙམ་གྱི་སེམས་རྒྱུད་འདུལ་རྒྱུ་ཁག་པོ་ཡིན་པས་ཚང་མས་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་གསུངས་པ་ལྟར། ང་ཐོས་དུས་ཙམ་ལ་བསམ་སྒོམ་རྟོགས། ང་བསམ་དུས་ཙམ་པ་ཐོས་སྒོམ་རྟོགས། ང་སྒོམ་དུས་ཙམ་པ་ཐོས་བསམ་རྟོགས། ང་བཀའ་གདམས་པ་ཆོ་ག་མ་ལོག་ཨང། གསུང་པ་བཞིན་ཐོས་བསམ་བསྒོམ་པ་ཆོ་ག་མ་ལོག་པ་ཞིག་གི་གཅིག་གི་གཅིག་ལ་དང་བ་ལོན་ཐུབ་པ་ཞིག་བྱུང་ན། དངོས་གནས་མཁས་བཙུན་བཟང་གསུམ་ཟེར་བ་དེ་ཡོང་ཐུབ་རྒྱུ་རེད། དེ་འདྲ་ཡིན་དུས་དེར་ཚང་མས་ཐུགས་ཁུར་བསྐྱེད་དགོས། ད་ལྟ་ཁྱེད་རང་ཚོ་གྲྭ་ཚང་ཁ་ཤས་ཀྱིས་དགེ་བཤེས་ཐོན་ཚར་རྗེས་དགེ་བཤེས་ཕོན་ཆེན་པོ་བྱས་ཏེ་རྒྱུད་པར་འཛུལ་རྒྱུ་དང་རྒྱུད་པར་མ་འཛུལ་མཁན་ཡང་ཡོང་གི་རེད། ཡང་རྒྱུད་པའི་ཆོས་ཚོགས་སྐོར་རྗེས་དཔེ་ཁྲིད་བྱེད་མཁན་ཁག་གཅིག་ཡོང་གི་རེད།
དེ་མིན་གཞན་དེ་ཙམ་བྱེད་རྒྱུ་མེད་པ་ཆགས་གྲབས་བྱེད་ཀྱི་འདུག ཅེས་ཁ་སང་སྒོ་མང་མཁན་པོ་དང་སྐད་ཆ་བྱུང་འདིར་སྔགས་ཀྱི་སློབ་སྦྱོང་བྱེད་རྒྱུ་ཞིག་དེའང་སྔགས་རིམ་ཆེན་མོ་བར་བཞག་པའི་རྫོགས་རིམ་གྱི་རྫོགས་རིམ་རིགས་ལྔ་གསལ་འདོན་སྦྱོང་རྒྱུ་དང་། དེ་བཞིན་བསྐྱེད་རིམ་སྐབས་ལའང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སྦྱོང་རྒྱུའི་འབད་བརྩོན་གནང་གི་ཡོད་པ་འདྲ་གལ་ཆེན་པོ་འདུག་ཞེ་དྲག་ཡག་པོ་རེད། སྔགས་སློབ་སྦྱོང་བྱེད་རྒྱུ་དང་ཡང་སྒེར་སོ་སོའི་སློབ་སྦྱོང་རྒྱུའི་བཟོ་འདྲ། ཡང་ན་རྒྱུད་ལ་སློབ་སྦྱོང་བྱེད་རྒྱུ་དེ་མ་གཏོགས་མེད་པ་ལྟ་བུ་མི་དགོས་པར་སྔགས་ཀྱི་ཆོ་ག་བཏོན་པས་ཕན་གྱི་མེད། དཔེར་ན། དགའ་ལྡན་ཆ་བཞག་ནས་མདོ་སྔགས་ཟུང་འབྲེལ་ཡིན་ཞེས་གསུང་གི་ཡོད་ཀྱང་ཟུར་དུ་སློབ་སྦྱོང་བྱེད་རྒྱུ་མ་བྱུང་ན་མ་འགྲིག་པ་ཡིན་དུས་སྔགས་རིམ་ཆེན་མོའི་གཞུང་སྤྱི་ཁྱབ་ཆེན་པོ་བྱས་ཏེ་ཞེ་དྲག་ཡག་པོ་རེད། སྔགས་རིམ་ཆེན་མོའི་ནང་རྣལ་འབྱོར་རྒྱུད་ཀྱི་གྲས་དེ་རྗེ་རིན་པོ་ཆེས་སྙིང་པོ་བསྡུས་པ་ཞིག་མ་གཏོགས་ཞིབ་ཚགས་པོ་ཞིག་མི་འདུག དེ་ཚོའི་གྲས་བུ་སྟོན་གྱི་གསུང་ནས་ཁ་སྣོན་རྒྱག་དགོས་རྒྱུ་ཁ་ཤས་ཡོད། ཞིབ་ཕྲ་ངོས་ཀྱང་མི་ཤེས་ཁྱེད་རང་ཚོ་མཁྱེན་མཁན་ཚོས་སྔགས་རིམ་ཆེན་མོའི་སློབ་སྦྱོང་ཞིག་སྤྲད་པ་ཡིན་ན་སྔགས་རིམ་ཆེན་མོའི་ཞལ་སྐོང་ཚུལ་དུ་འབྲེལ་ཡོད་ཀྱི་གཞུང་དེ་དག་སྦྱར་ཐུབ་པ་ཞིག་བྱུང་ན་ཆ་ཚང་བ་ཞིག་ཡོང་གི་རེད། རྒྱུད་ལ་གསང་འདུས་གཙོ་བོ་བྱས་ཏེ་རྒྱུད་འགྲེལ་ཆེན་མོའི་འཆད་ཉན་གཙོ་བོ་གནང་གི་ཡོད། འདིར་གྲྭ་ཚང་ལ་ཆ་བཞག་ནའང་སྔགས་རིམ་ཆེན་མོ་ཁྲིད་རྒྱུ་ཞིག་བཟོས་པ་རེད། དེ་འདྲ་བྱུང་ན་གྲྭ་ཚང་གཞན་དག་ཚོའང་དགེ་བཤེས་ཐོན་ཚར་བའི་རྗེས་ལ་ཚང་མ་ཁྲལ་ལྟ་བུ་བྱེད་མི་དགོས་པར། དོན་གཉེར་ཡོད་མཁན་ཚོར་སློབ་ཁྲིད་བྱེད་རྒྱུའི་སྒྲིག་འཛུགས་ཤིག་བཟོས་ཏེ་གོ་སྐབས་བྱུང་བ་ཡིན་ན་དེ་ཡག་པོ་འདུག བློ་གསལ་གླིང་གི་མཁན་པོས་འདི་གསུང་གི་འདུག མཛོད་ཀྱི་རྒྱུགས་སྤྲོད་བྱེད་རྒྱུ་དེ་ཚགས་ཚུད་པོ་ཞིག་ཡོང་གི་མི་འདུག ཅེས་ཁྲི་རིན་པོ་ཆེས་ཀྱང་བཀའ་གནང་བྱུང༌།
དེ་ཚོའི་གྲས་དེ་གང་འདྲ་བྱེད་དགོས་ཀྱི་འདུག་གམ། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་དེ་དག་རིང་ལ་མར་གོམས་སྲོལ་འདྲ་ཆགས་པ་དེ་ཙམ་ལ་ཆོག་ཤེས་མ་བྱས་པར་ད་དུང་སྣོན་འཕྲི་བྱེད་དགོས་དང་ཡར་རྒྱས་གཏོང་བ། དེ་བཞིན་གསར་གཏོད་བྱེད་རྒྱུ་ག་རེད་འདུག དེ་དག་ཡིན་གཅིག་མིན་གཅིག་དུས་དུས་སུ་གྲྭ་ཚང་སོ་སོའི་འབྲེལ་ཡོད་ཚོས་མཁན་པོ་དང་དཔེ་ཁྲིད་དགེ་རྒན་ཚོ་གོ་བསྡུར་གནང་དགོས་རེད་ལ་སྤྱི་ཡོངས་ཀྱི་གྲྭ་ཚང་དྲུག་པོ་དེ་དག་དུས་དུས་སུ་མཁན་པོ་དང་འབྲེལ་ཡོད་ཚོ་ཚོགས་ནས་གཅིག་གི་གཅིག་ལ་ཕན་ཚུལ་ཉམས་མྱོང་སྤེལ་རྒྱུ་དང་སོ་སོའི་བསམ་ཚུལ་ཡོད་པ་དེ་ཚོའི་གྲས་དེ་ཕན་ཚུར་གོ་བསྡུར་བྱེད་རྒྱུ་བྱུང་བ་ཡིན་ན། གཅིག་གི་གཅིག་ལ་འབྲེལ་བ་མེད་པར་སྨོན་ལམ་དང་འཇང་དགུན་ཆོས་ཚོགས་པའི་སྐབས་རུབ་ཙམ་བྱེད་རྒྱུ་མ་གཏོགས་མིན་པར་ནམ་རྒྱུན་ལས་དོན་སྐོར་ལ་གང་དང་སྤྱི་ལས་འཐུས་ཤོར་གང་ནས་འགྲོ་གི་འདུག་དེ་སེལ་ཐབས་གང་འདྲ་བྱེད་དགོས་ཀྱི་འདུག དེ་འདྲ་གོ་བསྡུར་མང་ཙམ་བྱེད་དགོས་ཀྱི་འདུག་ལ་དེ་དཔེ་གལ་ཆེན་པོ་རེད། དེར་བརྟེན་གྲྭ་ཚང་ཕན་ཚུན་ཚང་མས་འཐུས་ཤོར་ས་ག་ནས་ཤོར་གྱི་འདུག ཡང་སྣོན་མ་རྒྱག་དགོས་པ་ག་རེ་འདུག དེ་ཚོའི་གྲས་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དུས་དུས་ལ་གོ་བསྡུར་གནང་གི་ཡིན་ན་ཡག་པོ་ཡོང་གི་རེད། སེར་བྱེས་ལ་ལམ་རིམ་ཆེན་མོའི་འཆད་ཉན་བྱེད་རྒྱུ་ཁ་སང་སྐད་ཆ་བྱུང་། མ་གཞི་རྒྱུན་དུ་ཡོད་ཡོད་པ་རེད། ལམ་རིམ་ཆེན་མོ་མཁན་ཐོག་གཅིག་གི་རིང་ལ་ཆ་ཚང་ཚར་བ་ཞིག་གི་ཐོག་ནས་མཁན་ཐོག་རེ་རེས་ཆ་ཚང་སྤུས་དག་པོ་གསུང་ཐུབ་རྒྱུ་ཞིག་ཁ་སང་སེ་རར་ཡོད་དུས་དེ་འདྲ་གསུང་གི་འདུག་ལ་དེ་ཞེ་དྲག་ཡག་པོ་འདུག་ཅེས་ཞུས་པ་ཡིན། གྲྭ་ཚང་གཞན་དག་ཚོས་ཀྱང་མཁན་ཐོག་རེ་རེའི་སྐབས་ལམ་རིམ་ཆེན་མོ་ཆ་ཚང་རེར་འཇུག་ཐུབ་རྒྱུ་དང་དེའི་སྟེང་ལམ་རིམ་ཆུང་ངུ་ཡང་དེའི་སྟེང་འགྲོ་ཐུབ་ན་བྱང་ཆུབ་སེམས་འབྱུང་བར་དུ་ལམ་རིམ་ཆུང་ངུའི་བཤད་པ་དགོས་པ་མ་རེད། ལམ་རིམ་ཆེན་མོས་འཐུས་འགྲོ་གི་རེད། ལྷག་མཐོང་སྐབས་སླེབས་དུས་ལམ་རིམ་ཆུང་ངུ་ཁྲིད་པ་གནང་སྟངས་དེ་ཕྲན་བུ་མི་འདྲ་ཞིག་ཡོད། དེ་ནས་མར་ཁྲིད་རྒྱུ་ཞིག་དེ་ཡང་གསལ་བཤད་དགོས་རྒྱུ་ཞིག་རེད། གང་ལྟར་ལམ་རིམ་ཆེ་ཆུང་གཉིས་ཀ་ཕྱིན་པ་ཡིན་ན་ལམ་རིམ་བསྡུས་དོན་ཞོར་ལ་འགྲོ་གི་རེད། དེ་འདྲ་བྱུང་བ་ཡིན་ན་གང་ལྟར་མཁན་ཐོག་གཅིག་གི་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་མཛད་བཞག་པའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་ཚང་མའི་ཁྲིད་རྒྱུན་ཡོད་པ་རེད། བར་སྐབས་ཁྲིད་རྒྱུན་དཀོན་པོ་འདྲ་ཞིག་འདུག་དེ་ཚོའི་གྲས་དེ་ཁྲིད་ཐུབ་ན་ཡག་པོ་ཡིན་ལ་དེ་གལ་ཆེན་པོ་ཡང་རེད། དེ་ཞུ་འདོད་བྱུང་།
དེ་ནས་ངོས་ལ་ཁ་སང་ངོ་ཤེས་པ་ཞིག་གིས་གྲྭ་ཚང་ཞིག་ཡིན་པ་ཡོད་སྒོ་མང་གྲྭ་ཚང་ཡིན་ནམ་ཞིག་ལ་མཚམས་ཁང་ཞིག་བརྒྱབ་འདོད་ཡོད་གང་འདྲ་བྱས་ཡོང་ངམ་ཟེར་གྱི་འདུག་པར་འགྲིག་གི་རེད་བརྗོད་པ་ཡིན། ཡག་པོ་ཞེ་དྲག་རེད། ནམ་རྒྱུན་ང་ཚོ་སྒེར་སོ་སོའི་ངོས་ནས་མཚམས་བསྙེན་སྒྲུབ་བསྡམས་མཁན་ཡོང་གི་ཡོད་མ་གཏོགས་གྲྭ་ཚང་སོ་སོའི་ཁུངས་ལ་མཚམས་ཁང་བྱས་ཏེ་རྒྱུད་པ་ལ་བསྙེན་མཚམས་བཞུགས་ས་རེད་ཟེར་བ་ཞིག་ཡོད། ནམ་རྒྱུན་གྲྭ་ཚང་ཚོ་ལ་མེད། དེ་འདྲ་བཟོ་ཐུབ་མཁན་སོ་སོས་དང་བླང་བྱེད་རྒྱུ་རེད་མ་གཏོགས་ཁྲལ་བསྐུལ་རྒྱུ་གང་ཡང་མེད། གང་ལྟར་མཚམས་ཁང་ཞིག་ཟུར་དུ་ཡོད་པ་ཡིན་ན་དེའི་ནང་བསྙེན་པ་རིང་ཐུང་སྡོད་རྒྱུ་ཡོང་གི་རེད། རབ་བྱུང་ན་དེའི་ནང་སྐད་ཅོར་ཞེ་དྲག་མེད་པ་ཞིག་གི་ཁུག་ཀྱོག་དེ་འདྲ་ཞིག་ལ་བྱུང་ན། ངོ་ཐོག་རྩེ་གཅིག་གི་ཏིང་ངེ་འཛིན་སྒོམ་མཁན་ཡོད་ན་མཐུན་རྐྱེན་དང་གོ་སྐབས་ཡོད་པ་ཞིག་བྱུང་ན་ཡག་པོ་འདུག དེ་ཡང་གནད་འགག་གཅིག་འདུག དེ་ནས་ཞོར་འཕྲོས་རེད། རྙིང་མའི་དགོན་པ་དེ་འདྲ་ལ་ངོས་ཀྱིས་བརྗོད་ཀྱི་ཡོད། སྔ་འགྱུར་རྙིང་མའི་ཆོས་བྱེད་པ་ཚོ། མཁན་ཆེན་ཞི་བ་འཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། དེར་བརྟེན་མཁན་ཆེན་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བཏུས་པ་ཞེས་པ་དེ་ལྟ་ཐུབ་ན་ཡག་པོ་ཡོད་པ་རེད་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། དགེ་ལུགས་པའི་གདན་ས་ཚོར་རྩ་བ་ཚད་མའི་གཞུང་ལ་སྦྱང་པ་ཞེ་དྲག་ཡག་པོ་ཡོད། དེའི་སྟེང་མཁན་ཆེན་ཞི་བ་འཚོའི་ཚད་ཆེན་འགྲེལ་བ་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པ་དེ་དག་ཏོག་ཙམ་གཟིགས་ཐུབ་པ་བྱུང་ན། བློ་རྣོ་བ་དེ་དག་གིས་གཟིགས་ཐུབ་པ་བྱུང་ན་གདན་སའི་ཆོས་རའི་ནང་ལ་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱི་གསུང་དེ་ཚོའི་གྲས་རྩོད་རྒྱུ་ཡོད་པ་ཞིག་དང་རྒྱུས་ཡོད་པ་ཞིག་བྱུང་བ་ན་ཡག་པོ་མེད་དམ་དྲན་བྱུང་། དེ་ངོས་རང་གི་བསམ་ཚུལ་ཡིན། གང་བྱུང་མ་བྱུང་ཤོད་ཀྱི་འདུག་དགོངས་ན་དབྱུག་བཞག་ན་འགྲིག་གི་རེད། མཁན་ཆེན་ཞི་བ་འཚོ་བཀའ་དྲིན་ཅན་ཞིག་རེད། ཉེ་ཆར་ངོས་ཀྱིས་ཚར་མང་པོ་བརྗོད་པ་ཡིན། ང་ཚོ་བོད་ཀྱི་ཚད་མའི་རྣམ་གཞག་དེ་སུ་གཅིག་ལ་མེད་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་ཚད་ཆེན་གྱི་རྩ་འགྲེལ་དེ་དག་བལྟ་ཐུབ་ན། དགེ་མཚན་ཞེ་དྲག་ཡོད་པ་ཞིག་མཐོང་གི་འདུག་པས་དེ་ཞུ་འདོད་བྱུང༌། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། གང་ལྟར་ཐག་གཅོད་དེ་ཁྱེད་རང་ཚོ་འབྲེལ་ཡོད་གདན་ས་སྤྱི་སྡེ་རེད། དེ་བཞིན་གྲྭ་ཚང་སོ་སོ་རེད། ཁྱེད་རང་ཚང་མས་དངོས་གནས་ཁ་ཞེ་ངོ་ལྐོག་མེད་པ་བསམ་པ་རྣམ་དག་གི་འདིར་མཇལ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་ད་ལྟ་བྱམས་པ་མགོན་པོའི་རྗེས་གནང་འདི་ཁ་སང་ཤར་རྩེ་མཁན་པོས་གསུང་གི་འདུག་པར་རྗེས་གནང་ཤེས་ཀྱི་མི་འདུག་ཀྱང་གཅིག་ལྟ་གི་ཡིན་བརྗོད་པ་ཡིན། རྗེས་སུ་རིམ་བྱུང་བརྒྱ་རྩའི་ནང་རྗེས་གནང་དེ་འདུག རིམ་བྱུང་བརྒྱ་རྩའི་རྗེས་གནང་ངོས་ལ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་པ་རེད། དེ་དུས་ངོས་རང་ལོ་བཅུ་གྲངས་ཤིག་མིན་ནམ་ཆུང་ཆུང་རེད། ལོ་ལྟར་དབྱར་ཁ་བདུན་ཕྲག་གཅིག་གཉིས་མཚམས་ལ་དབང་དང་རྗེས་གནང་འཆར་ཅན་གནང་གི་རེད། དེ་དུས་རིམ་བྱུང་བརྒྱ་རྩའི་རྗེས་གནང་དེ་ཐོབ་པ་རེད། རིམ་བྱུང་བརྒྱ་རྩའི་རྗེས་གནང་ནང་ཡོད་པའི་རྗེ་བཙུན་བྱམས་པ་མགོན་པོའི་རྗེས་གནང་དེ་འབུལ་རྒྱུ་ཡིན། འགྲོ་སྟངས་ལྟར་བྱས་ན་དབང་དང་རྗེས་གནང་ག་རེ་བྱས་པ་ཡིན་ནའང་དེ་སྐབས་ལ་དེ་ལས་ལྷག་པ་མེད་པ་ཞིག་གི་ཆེ་བསྟོད་ལྟ་བུ་ཤོད་དགོས་པ་རེད། ན་ནིང་ལ་དྭགས་སུ་ཁྲིག་སེ་རིན་པོ་ཆེས་བྱམས་པ་མགོན་པོའི་སྣང་བརྙན་བསམ་གྱིས་མི་ཁྱབ་པ་ཡག་པོ་ཞིག་བཞེངས་འདུག དེ་དུས་བྱམས་ཆོས་སྡེ་ལྔའི་གཞུང་ལྔ་དེ་འགོ་ནས་མར་ལུང་ཏོག་ཙམ་ཏོག་ཙམ་བཏོན་ནས་བཤད་པ་ཏོག་བྱས་པ་ཡིན། དེ་དུས་བརྗོད་པ་ཡིན། ང་ཚོས་མ་འོངས་པར་བྱམས་མགོན་པོ་ཕེབས་པའི་སྐབས་ལ་འཁོར་གྱི་ཐོག་མར་རྗེས་སུ་བཟུང་དུ་གསོལ་ཞེས་པའི་སྨོན་ལམ་རྒྱག་གི་ཡོད་ཀྱང་དེ་ནི་མ་འོངས་པའི་སྐད་ཆ་ཤོད་ཀྱི་ཡོད། དེ་ལས་ད་ལྟའི་སངས་རྒྱས་རྣམ་འདྲེན་བཞི་པ་དེའི་བསྟན་པ་བསྡད་ཡོད། མ་འོངས་པ་བྱམས་པ་མགོན་པོའི་བསྟན་པར་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཞིག་ཡོད་མེད་ཐེ་ཚོམ་རེད། ད་ལྟ་སྟོན་པ་ཤཱཀྱ་སེང་གེའི་བསྟན་པ་ཡོད་པའི་སྐབས་འདིར་དེའི་ཐོག་ང་ཚོས་ཤུགས་བརྒྱབ་ཏེ་སྔོན་ལ་རེ་བ་དེའི་ཐོག་རྒྱག་དགོས། གལ་སྲིད་དེར་རེ་བ་བརྒྱབ་སྟེ་འབད་བརྩོན་བྱས་ནས་མ་སྒྲུབ་ན་གནས་ཚུལ་ཁག་ཁག་རེད། དེ་ནས་བྱམས་པ་མགོན་པོའི་བསྟན་པར་རེ་རྒྱག་རྒྱུ་རེད་མ་གཏོགས་རེ་བ་རྒྱག་ས་གཞན་མེད་པ་ལྟ་བུ་རེད། སྤྱིར་བཏང་མི་ལེ་ལོ་ཅན་ཡིན་ན། མ་འོངས་པར་གཅིག་བྱེད་ཀྱི་ཡིན་ཞེས་བརྗོད་དེ་ད་ལྟ་དོ་སྣང་ཞེ་དྲག་མ་བྱས་པར་ལྷོད་གཡེང་འགྲོ་གི་ཡོད་པས་དེ་ནོར་འཁྲུལ་རེད། མ་འོངས་པར་ཡག་པོ་ཡོང་མིན་དེ་ད་ལྟར་རག་ལུས་ཡོད་པས་ད་ལྟ་ཡག་པོ་བྱེད་དང་མ་འོངས་པར་ཡག་པོ་ཡོང་ཡོང་པ་རེད། ད་ལྟ་འཐུས་ཤོར་ཕྱིན་ན་མ་འོངས་པར་གཅིག་ཡོང་གི་རེད་བརྗོད་ཀྱང་དེ་ནི་རེ་སྟོང་རེད་མ་གཏོགས་ཞེ་དྲག་ཡོང་རྒྱུ་མེད། བྱམས་པ་མགོན་པའི་བསྟན་པར། ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་བྱེད་དབང་པོ་ཤར་བའི་ཚེ། །བདག་གི་བློ་གྲོས་པདྨ་ཁ་ཕྱེ་ནས། སྐལ་བཟང་བུང་བའི་ཚོགས་རྣམས་ཚིམ་བྱེད་ཤོག ཅེས་ང་ཚོས་སྨོན་ལམ་རྒྱག་དགོས་པ་རེད་དེ་ལས་ད་ལྟ་བཅོམ་ལྡན་འདས་ཀྱི་བསྟན་པ་མཇལ་ནས་བསྡད་ཡོད་པ་དེའི་ཐོག་ལ་ང་ཚོས་ཤུགས་རྒྱོབས་དང་། ད་ལྟ་མ་འོངས་པའི་བྱམས་པ་མགོན་པོའི་མཆོག་གི་སྤྲུལ་པའི་རྣམ་པ་བྱོན་བྱོན་བར་དུ་སྒུག་མི་དགོས་པར་བྱམས་ཆོས་སྡེ་ལྔ་ཡོད་བཞིན་པ་རེད། དེར་ཡག་པོ་གཟིགས་དང་། དེ་བཞིན་བཅོམ་ལྡན་འདས་རང་ཉིད་ཀྱི་ཤེར་ཕྱིན་གཞུང་དང་དེ་དག་གི་དགོངས་འགྲེལ་མཁས་གྲུབ་ཆེན་པོ་དེ་དག་གིས་མཛད་པ་དེ་དག་ང་ཚོས་ལྟ་ཆོག་ཆོག དེའི་སྟེང་སྔགས་ཀྱི་ལམ་དེ་དག་སོ་སོས་ཉམས་ལེན་མ་བྱས་མ་གཏོགས།
དཔེར་ན། རྗེ་རིན་པོ་ཆེའི་གསུང་དེ་དག་ཀློག་སྐབས་ད་ལྟ་རང་ཉམས་ལེན་བྱེད་ཐུབ་ན་བསམས་པ་ལྟ་བུ་དྲན་རྒྱུ་ཞིག་འདུག ༸གོང་ས་ལྔ་པ་ཆེན་པོས་བླ་མ་དང་སློབ་མ་ཚད་ཉིད་ཚང་བ་ཞིག་བྱུང་ན། སངས་རྒྱས་ཀྱི་གོ་འཕང་ཚཱ་ཚཱ་བརྐོས་པར་ནས་བཏོན་པ་ལྟར་ཡོང་གི་རེད་ཅེས་གསུངས་ཡོད། ད་ལྟ་ང་ཚོས་ཡིད་གཟབ་མ་བྱས་པར་ལྷོད་གཡེང་བཏང་སྟེ། མ་འོངས་པར་རེ་བརྒྱབ་ན་དེ་འདྲ་ཞིག་ཡིན། གང་ལྟར་རྣམ་འདྲེན་སྟོང་རྩ་གཅིག་གསུང་གི་ཡོད། རྣམ་འདྲེན་སྔོན་མ་སྔོན་མའི་སྐབས་ལ་ལས་འབྲེལ་བ་བྱུང་བ། ས་ལྟ་བུ་ཟིན་མ་ཐུབ་པ་དེ་དག་རྣམ་འདྲེན་རྗེས་མ་རྗེས་མས་ཐུགས་རྗེས་བཟུང་རྒྱུ་ཧ་ལས་པའི་བཀའ་དྲིན་ཆེན་པོ་རེད་འདུག དེར་བརྟེན་སྟོན་པ་བཀའ་དྲིན་ཅན་གྱི་བསྟན་པ་ལ་ང་ཚོས་བག་ཆགས་ལྟ་བུ་བཞག་སྟེ། ས་ལམ་གྲོལ་མ་ཐུབ་ན་མ་དག་དེ་བྱམས་པ་མགོན་པོའི་བསྟན་པར་བྱམས་པའི་རྗེས་སུ་བཟུང་ནས་ཡོང་རྒྱུའི་རེ་བ་རྒྱག་གི་ཡོད། དེ་མེད་ན་དེའི་རྗེས་མ་མཐར་ཐུག་སངས་རྒྱས་མོས་པ། སངས་རྒྱས་སྟོང་རྩ་མཐའ་དེས་ ༩༩༩ རྣམ་འདྲེན་སྔོན་མ་དེ་དག་གི་གནས་སྐབས་སུ་ཚོགས་གསོག་མ་ཐུབ་པ་དེ་དག་སངས་རྒྱས་མོས་པའི་སྐབས་ལ་རྗེས་སུ་བཟུང་རྒྱུ་དེ་འདྲ་གསུང་གི་འདུག དངོས་གནས་ཐབས་མཁས་ཐུགས་རྗེ་ཧ་ལས་པ་རེད། ཅེས་བཀའ་སློབ་ཕེབས་ཡོད།
དེ་རྗེས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་རྟེན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཕྱིར་ཤར་རྩེ་གྲྭ་ཚང་གི་འདུས་མང་གི་སྐུ་ཚབ་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་དང་། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྐུ་ཚབ་ལྷོ་སྤྱི་བཀྲིས་ཕུན་ཚོགས་ལགས། སྤྱི་འཐུན་མཉམ་འབྲེལ་སྐུ་ཚབ་ཚོགས་གཙོ་པདྨ་བདེ་ལེགས་ལགས་རྣམ་གཉིས་ཀྱི་མཎྜལ་ཚོམ་བུ་འདེགས་འབུལ་དང་། ཤར་རྩེ་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་ལྗགས་བཤད་གནང་སྟེ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ཕྱེད་ཡོལ་ཆུ་ཚོད་ ༢ པར་མགོན་པོ་གང་ཉིད་མཆོག་ཤར་རྩེ་ཆོས་རྭར་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པའི་རྟགས་གསལ་དམ་བཅར་གཟིགས་ཞིབ་ཆེད་ཆིབས་སྒྱུར་སྐྱོང་སྐབས་ཆོས་རྭའི་མདུན་ལམ་དུ་མོན་གྷོ་ཡུལ་མིའི་ལོང་བའི་སློབ་གྲྭ་(Jnyana Rajnya Blind Residential School) ཞེས་པའི་སློབ་ཕྲུག་རྣམས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུས་ཡོད། ༸གོང་ས་མཆོག་གིས་ཐུགས་བརྩེ་ཆེན་པོས་སློབ་ཕྲུག་ཚོར་ཕྱག་གཏོང་གནང་མཛད་ཡོད་པ་མ་ཟད། ཧིན་སྒོར་ཁྲི་ལྔ་གསོལ་རས་སྩལ་ཡོད། མགོན་པོ་གང་ཉིད་མཆོག་གིས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པའི་རྟགས་གསལ་དམ་བཅར་གཟིགས་ཞིབ་མཛད་གྲུབ་མཚམས་ཁོང་རྣམས་དང་ལྷན་སྐུ་པར་ཡང་བསྒྲོན་ཡོད། སྤྱིར་བཏང་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་ལོང་བའི་སློབ་གྲྭ་དེའི་ཆེད་དུ་ལོ་ལྟར་ཧིན་སྒོར་འབུམ་རེ་གསོལ་རས་གནང་བཞིན་ཡོད་པ་བཅས། །