༢༠༡༡ ཟླ་ ༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །བོད་གཞུང་རྩིས་ཞིབ་ལས་ཁང་ནས་འདི་གར་བཏང་གནས་ནང་འཁོད་དོན། བོད་གཞུང་རྩིས་ཞིབ་ལས་ཁང་གིས་དབུས་དང་ཁྱབ་ཁོངས་ཡན་ལག་གསུམ་གྱི་རྩིས་ཞིབ་པ་རྣམ་པར་ ༢༠༡༡ ཟླ་བ་ ༢ ཚེས་ ༧ ནས་ཚེས་ ༡༩ བར་ཉིན་གྲངས་ ༡༢ རིང་རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་་ཏེ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་ཟབ་སྦྱོང་དུ་བཅར་མི་ཚང་འཛོམས་བྱུང་བསྟུན་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་བཀའ་བརྒྱུད་དོན་གྲུབ་མཆོག་ནས་སྣང་གསལ་ཞལ་འབྱེ་གནང་རྗེས་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་ནས་ཟབ་སྦྱོང་གི་ངོ་སྤྲོད་གསུངས་བཤད་གནང་། རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག་ནས་ཟབ་སྦྱོང་གི་དམིགས་ཡུལ་དང་རེ་བ་ཇི་ཡིན་སོགས་ཀྱི་སྐོར་ལ་ལམ་སྟོན་གསུང་བཤད་གནང་གྲུབ་རྗེས་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༢༠༡༡ ཟླ་བ་ ༢ ཚེས་ ༧ ནས་ཚེས་ ༡༢ བར་ཉིན་གྲངས་ ༦ རིང་ལ་འདི་གའི་ལས་བྱེད་གསར་པ་དང་གཞོན་པ་གྲངས་ ༣༠ ལ་རྩིས་ཞིབ་གནང་ཕྱོགས་དང་། ཀློག་གླད་ནང་རྩིས་ཁྲ་ཉར་འཇོག་ (Tally Program) དང་དེ་དང་འབྲེལ་བའི་རྩིས་ཞིབ་གནང་ཕྱོགས་སྐོར་གི་ཟབ་སྦྱོང་ཡིན། འདི་འབྲེལ་ཟབ་སྦྱོང་འཁྲིད་མཁན་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་རྡ་སྟེང་རྡོ་བཞུན་རླངས་རྫས་ལས་ཁང་གི་འགན་འཛིན་དང་འདི་གའི་ལས་བྱེད་རྒན་གྲས་ཉམས་མྱོང་ཅན་ཁག་ཅིག་ཡིན།
ཡང་ ༢༠༡༡ ཟླ་ ༢ ཚེས་ ༡༤ ནས་ཚེས་ ༡༩ བར་ཉིན་གྲངས་ ༦ རིང་རྩིས་དང་རྩིས་ཞིབ་ཀྱི་གཏན་འབེབས་ལམ་སྟོན་ (Accounting Standard and Standards on Auditing) དང་། རྒྱ་གར་གཞུང་གི་འབབ་ཁྲལ་ཁྲིམས་ལུགས་བཅས་སློབ་འཁྲིད་ཆེད་ལྡི་ལི་ནས་ཡིན་པའི་(Mr Vijay Kapoor )དང་ (Mr Rajesh Sethi )གཉིས་དམིགས་བསལ་གདན་འབོད་ཞུས་ཡོད། ཡང་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ནས་འཛིན་སྐྱོང་ངོས་ནས་རྩིས་ཞིབ་ལས་ཁང་གི་གནང་ཕྱོགས་ལ་དགེ་སྐྱོན་ཇི་གཟིགས་དང་ཐབ་ལམ་ཇི་ཡོད་དང་། བོད་གཞུང་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ནས་ནང་ཆོས་ངོ་སྤྲོད་དང་འབྲེལ་ལས་བྱེད་ཀྱིས་གཞུང་འབྲེལ་ལས་དོན་གནང་སྐབས་དགོངས་པ་བཞེས་ཕྱོགས་ཐོག་གསུང་བཤད་གནང་རྒྱུ་གོ་སྒྲིག་ཞུས་ཡོད། ད་རེས་ཀྱི་ཟབ་སྦྱོང་འདིའི་ནང་དབུས་རྩིས་ཞིབ་ལས་ཁང་དང་ཡན་ལག་གསུམ་བཅས་ཀྱི་ལས་བྱེད་གྲངས་ ༤༣ དང་། སྤྱི་མཐུན་མཉམ་འབྲེལ་གྱི་ལས་བྱེད་གྲངས་ ༣ བདེ་ལེགས་སྨན་ཁང་གི་ལས་བྱེད་གྲངས་ ༢་ སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི་ཁྱབ་ལས་ཁང་གི་རྩིས་པ་ ༡ བཅས་བསྡོམས་མི་གྲངས་ ༤༩ མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ནས་རྩིས་ཞིབ་ཀྱི་ལས་དོན་སྔར་ལྷག་ཚགས་ཚུད་དང་། མྱུར་པོ། རྩིས་ཞིབ་གནང་ཕྱོགས་ཐད་དེང་དུས་དང་མཐུན་པའི་ལེགས་བཅོས་གཏོང་རྒྱུ། རྒྱ་གར་གཞུང་གི་འབབ་ཁྲལ་དང་རྩིས་དང་རྩིས་ཞིབ་གཏན་འབེབས་ལམ་སྟོན་སོགས་ལ་བསྐྱར་བཅོས་ཇི་སོང་། བཙན་བྱོལ་བོད་གཞུང་གི་སྒྲིག་གཞི་ཁག་བཅས་ལ་གོ་རྟོགས་རྒྱུ་མངའ་སྤེལ་རྒྱུ་སོགས་ལ་དམིགས་པ་བཞིན་གྲུབ་འབྲས་ཐོན་རེ་ཞུ་བཞིན་ཡོད་པ་བཅས་སོ། །