༢༠༡༡ ཟླ་ ༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ཉིན་རྒྱ་ནག་གཞུང་གི་གཏེར་འདོན་ཚན་པ་ཞིག་ནས་བོད་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་རྟ་སྨོ་ཤང་གི་གླིང་ཀ་དགོན་པའི་རྒྱབ་ངོས་སུ་གཏེར་རིགས་ཕུན་སུམ་ཚོགས་པོ་ཞིག་ཡོད་པ་དེར་གཏེར་ཁ་སྔོག་འདོན་བྱེད་པར་ཡོང་སྐབས།
དེ་ཉིན་གླིང་ཀ་དགོན་པའི་དགེ་འདུན་པས་སྣེ་འཁྲིད་འོག་ཡུལ་མི་མང་པོས་གཏེར་འདོན་པར་ངོ་རྒོལ་གྱི་གཏེར་ཁ་སྔོག་འདོན་བྱ་རྒྱུ་བཀག་འགོག་བྱས་འདུག འོན་ཀྱང་གཏེར་འདོན་ཚན་པའི་མི་སྣ་དང་འབྲེལ་ཡོད་ས་གནས་དཔོན་རིགས་ཀྱིས་འཇམ་མཁས་ཀྱི་མུ་མཐུད་གཏེར་ཁ་སྔོག་འདོན་བྱེད་རྩིས་བྱས་ཀྱང་། མི་མང་གིས་ཁོ་ཚོའི་གཡོ་ཐབས་ལ་མགོ་མ་འཁོར་བར་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢༢ ནས་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༨ བར་རྣམ་པ་འདྲ་མིན་གྱི་ངོ་རྒོལ་མུ་མཐུད་བྱས་རྐྱེན། བཞད་མཐོང་སྨོན་རྫོང་གི་ཉེན་རྟོག་པ་བསླེབས་ནས་བཀག་འགོག་བྱས་འདུག་ཀྱང་། ཉེན་རྟོག་པ་དང་མི་མང་དབར་གདོང་ཐུག་གི་ཕན་ཚུན་ཁ་འཁྲུག་ཤུགས་ཆེན་བྱུང་ཞིང་། དེ་དུས་མི་མང་མང་བས་ཉེན་རྟོག་པར་དམིགས་བསལ་བྱ་ཐབས་ཟད་ནས་ཁ་མཁས་ངང་ངོ་རྒོལ་བ་ཁ་གཏོར་གཏོང་ཐབས་བྱས་ཀྱང་དོན་ཕན་མ་སོན་སྟབས། གཞིས་རྩེ་ས་ཁུལ་ནས་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་འབོར་ཆེན་བསླེབས་ནས་དགེ་འདུན་པ་དང་། མི་མང་མང་པོར་ཉེས་རྡུང་བཏང་བ་མ་ཟད། འཛིན་བཟུང་ཡང་བྱས་ཡོད་པ་རེད། འཛིན་བཟུང་བྱས་པའི་མི་སྣ་ཤེས་རྟོགས་བྱུང་བ་ཁག་ནི། ༡༽ མཁན་པོ་བཟང་པོ་ལགས། རང་ལོ། ༤༩ གླིང་ཀ་དགོན་པའི་གྲྭ་པ། ༢༽འཇམ་དབྱངས་ཚེ་རིང་། རང་ལོ། ༣༨ གླིང་ཀ་དགོན་པའི་གྲྭ་པ། ༣༽ ཚེ་དབང་རྡོ་རྗེ། རང་ལོ། ༣༧ གླིང་ཀ་དགོན་པའི་གྲྭ་པ། ༤༽རིགས་འཛིན་པདྨ་། རང་ལོ། ༣༥ གླིང་ཀ་དགོན་པའི་གྲྭ་པ། ༥༽འཇམདབྱངས་རིགས་བཟང་། རང་ལོ། ༣༤ གླིང་ཀ་དགོན་པའི་གྲྭ་པ་བཅས་དང་། དེ་མིན་མི་སྐྱ་བཅུ་གཉིས་ཙམ་འཛིན་བཟུང་བྱས་ཏེ་ད་ལྟའི་ཆར་མི་གཉིས་ཙམ་གློད་བཀྲོལ་བཏང་བ་ཕུད་དེ་མིན་ཁག་གཅིག་གཞིས་རྩེ་ས་ཁུལ་དུ་བཙོན་འཇུག་འོག་བཀག་ཉར་བྱེད་མུས་ཡིན་པ་དང་། ཁག་གཅིག་བཞད་མཐོང་སྨོན་རྫོང་དུ་བཙོན་འཇུག་བཀག་ཉར་བྱས་འདུག གཞིས་ཀ་རྩེ་ས་ཁུལ་གྱི་རྫོང་ཁག་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་གཏེར་འདོན་ཚན་པས་ས་གནས་ཡུལ་མིའི་འདོད་མོས་མེད་བཞིན་དུ་དྲག་གནོན་བྱས་ཏེ། གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱེད་ཀྱི་ཡོད་པའི་གནས་ཚུལ་ད་རེས་ཙམ་མ་ཡིན་པར་ ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ པ་དང་ ༥ པའི་ནང་རྣམ་གླིང་རྫོང་སོག་ཆེན་གྲོང་ཚོའི་ཁོངས་སུ་གཏེར་ཁ་སྔོག་འདོན་བྱེད་མཁན་ལ་ས་གནས་ཡུལ་མིས་ངོ་རྒོལ་བྱེད་སྐབས་དྲག་ཆས་དམག་མི་བཏང་ནས་དྲག་ཤུགས་བེད་སྤྱད་དེ་མི་མང་ལ་གང་བྱུང་ཉེས་རྡུང་དང་མི་གྲངས་ ༣༠ ཙམ་འཛིན་བཟུང་བཀག་ཉར་བྱས་ཏེ་ད་ལྟའང་ཞིབ་ཕྲའི་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད་པའི་གནས་ཚུལ་མུ་མཐུད་ཐོན་དང་འཐོན་བཞིན་ཡོད་པ་བཅས།།