༢༠༡༡ ཟླ་ ༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༩ ཉིན་རྒྱབ་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་སུད་བོད་མཛའ་འབྲེལ་ཚོགས་པའི་ (Swiss-Tibetan Friendship Association) ལོ་འཁོར་ཚོགས་ཆེན་ཐོག་ཕེབས་ཏེ་གསུང་བཤད་གནང་དོན། སུད་བོད་མཛའ་འབྲེལ་ཚོགས་པ་འདི་བཞིན་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གནང་མཁན་གྱི་ཚོགས་པ་རྙིང་ཤོས་གྲས་ཤིག་ཡིན་པ་དང། ཚོགས་པ་འདིས་འདས་པའི་ལོ་ ༥༠ ཙམ་གྱི་རིང་ལ་སུད་སི་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་སྐྱབས་བཅོལ་བ་ཙམ་མིན་པར་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ཏེ་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་འཐོབ་རྒྱུར་ཁ་ཞེ་གཉིས་མེད་ཀྱི་རོགས་རམ་གནང་བར་ངས་བོད་མི་ས་ཡ་དྲུག་གི་ཚབ་ཞུས་ཏེ་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཟུར་པ་རྣམས་དང་ད་ཡོད་ཚོགས་མི་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཁྱེད་ཚོ་བརྒྱུད་རྒྱལ་སྤྱི་དང་ལྷག་པར་སུད་སི་མི་མང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ནང་ནས་བོད་མི་སྐྱབས་བཅོལ་བ་ཚོར་གཞིས་ཆགས་ཀྱི་མཐུན་རྐྱེན་སྤྲོད་མཁན་ཐོག་མ་དེ་སུད་སི་ཆགས་ཡོད། སུད་སིར་གནས་སྡོད་བྱས་པའི་བཙན་བྱོལ་བོད་མི་ཚོ་བཙན་བྱོལ་བོད་མི་ནང་ནས་སྐྱིད་ཤོས་ཆགས་ཡོད་པ་མ་ཟད་ཁོང་ཚོས་རྒྱ་གར་དང་འབྲུག བལ་ཡུལ་བཅས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་ལའང་རོགས་རམ་བྱེད་ཐུབ་ཀྱི་ཡོད། ང་ཚོར་དཀའ་ངལ་འཕྲད་སྐབས་སུད་སི་གཞུང་དང་མི་མང་གིས་རོགས་རམ་གནང་བ་དེ་དག་ང་ཚོས་ནམ་ཡང་བརྗེད་ཐབས་མེད་ཅེས་གསུང་བཤད་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་སྐོར་གསུང་བཤད་གནང་དོན། ད་རེས་ང་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་དོན་རྒྱབ་སྐྱོར་ཚོགས་པས་ད་བར་བོད་དོན་ཆེད་ཞབས་འདེགས་གང་སྒྲུབ་པ་དང་འབྱུང་འགྱུར་ཕན་འབྲས་ཇི་བྱུང་སྐོར་ཤོད་དགོས་པ་བརྗོད་བྱུང། གནས་དོན་དེ་གཉིས་ཆ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། ཏོག་ཙམ་རྒྱ་ཆེན་པོ་དང་གོ་རྙོག་པོ་རེད། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལྟ་བུར་མཚོན་ན་བོད་མི་ཚོར་གསར་པ་གང་ཡང་མིན། བོད་ནང་རྒྱ་མིས་བཙན་འཛུལ་བྱས་པའི་རྐྱེན་གྱི་བོད་མི་ཚོས་མང་གཙོའི་རིང་ལུགས་ལག་བསྟར་བྱས་པ་ཞིག་མིན་ལ་བཙན་བྱོལ་དུ་གྱར་རྗེས་ཕྱིའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་ལས་མང་གཙོ་ཆགས་པ་ཞིག་ཀྱང་མིན། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་ཆགས་སྔོན་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དུས་རབས་ ༢༠ ནང་བོད་ཀྱི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐུགས་བརྩོན་ཧ་ཅང་མཛད་ཡོད། འོན་ཀྱང་སྐབས་དེར་ཕྱི་ནང་གྱི་འགལ་རྐྱེན་མང་པོ་ཞིག་འཕྲད་རྐྱེན་དེ་ལྟར་ལམ་ལྷོང་བྱུང་མེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་གཞོན་ནུའི་སྐབས་བོད་མིའི་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་དུས་ཡུན་རིང་པོའི་སྔོན་ཚུད་ནས་བོད་ནང་མང་གཙོ་བཅོས་བསྒྱུར་གྱི་དགོངས་པ་བཞེས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་སྐབས་བོད་ཡུལ་ཕྱེད་ཙམ་རྒྱ་མིས་དཔུང་དམག་གིས་བཙན་བཟུང་བྱས་ཟིན་ཡོད། འོན་ཀྱང་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༥༠ ནས་ ༡༩༥༩ བར་ལོ་དགུ་ཙམ་གྱི་རིང་བོད་ཀྱི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་རྒྱུའི་ཐུགས་བརྩོན་ཡོད་དགུ་རྩ་སྤྲུགས་མཛད་ཡོད་ཀྱང་མགོན་པོ་གང་ཉིད་མཆོག་གིས་བོད་མང་གཙོའི་རིང་ལུགས་སུ་སྒྱུར་ཐབས་ཀྱི་མཛད་བྱུས་རེ་རེར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔོན་ཚོས་འགོག་རྐྱེན་བཟོས་ཡོད། བཙན་བྱོལ་དུ་༸ཞབས་སོར་འཁོད་རྗེས་གཞི་ནས་མགོན་པོ་གང་ཉིད་མཆོག་གིས་ཐུགས་འདུན་བཞིན་བོད་མིའི་ཆབ་སྲིད་ལམ་ལུགས་མང་གཙོ་ཅན་དུ་བསྒྱུར་ཐུབ་པ་བྱུང་ཡོད། མང་གཙོའི་རིང་ལུགས་ཡང་དག་པ་ཞིག་ཡོང་བར་ཆ་རྐྱེན་གསུམ་ངེས་པར་དུ་ཚང་དགོས། ༡༽ཡང་དག་པའི་དབུ་ཁྲིད། ༢༽ཡང་དག་པའི་ལྟ་གྲུབ། ༣༽ཤེས་ཚད་དང་འགན་ཁུར་ལྡན་པའི་མང་ཚོགས་བཅས་རེད། ད་ལྟ་ང་ཚོར་ཆ་རྐྱེན་དང་པོ་གཉིས་ཚང་ཡོད་ཀྱང་ཆ་རྐྱེན་གསུམ་པ་དེ་ཡོང་རྒྱུར་འབད་བརྩོན་བྱེད་མུས་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང།
ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འབྲེལ་བའི་གནད་དོན་ཐད་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཞིན་བོད་མི་ཚོའི་སྐྱབས་གནས་བཞི་པ་ལྟ་བུ་ཆགས་ཡོད་སྐོར་བཀའ་སྩལ་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དེ་ཐུན་མོང་མིན་པ་ཞིག་ཆགས་ཡོད། བོད་དོན་ལས་འགུལ་དེ་བཞིན་དྲང་བདེན་དང་རང་དབང། འཚེ་བ་མེད་པ། འཆམ་མཐུན་སོགས་སྤྱི་ཡོངས་ཀྱི་བཟང་པོའི་རིན་ཐང་ལ་གཞི་བཅོལ་བ་ཞིག་ཡིན་པར་བརྟེན། འཛམ་གླིང་ཁྱོན་ཡོངས་ནས་རྣམ་དཔྱོད་དང་ཤེས་འཇོན་ལྡན་པའི་གང་ཟག་མང་པོས་རྒྱབ་སྐྱོར་མུ་མཐུད་འཐོབ་བཞིན་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ལས་འགུལ་ལ་བརྟེན་བོད་ནང་བོད་མི་གཞོན་སྐྱེས་མི་རབས་གསར་པ་ཚོར་བོད་ཀྱི་བདེན་མཐའ་སེལ་རྒྱུར་་རེ་བ་དང་སྙིང་སྟོབས་འཕར་མ་ཞིག་སྦྱིན་བཞིན་ཡོད། གཞིས་ལུས་བོད་མི་ཚོས་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་འཚེ་མེད་ཞི་བའི་ལམ་ནས་རང་སྲོག་ཚུན་ཆད་བློས་གཏོང་གིས་ཞི་རྒོལ་བྱེདབཞིན་ཡོད། བོད་མི་ཚོས་དྲང་བདེན་གྱི་ལས་འགུལ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་སྐྱོར་ཐོབ་པ་དེ་འདྲ་དྲང་བདེན་གྱི་ལས་འགུལ་རྩོམ་མཁན་ཚོགས་པ་གཞན་སུ་ལའང་ཐོབ་མེད། དེར་བརྟེན་ངས་སྙིང་ཐག་པ་ནས་བོད་དོན་རྒྱབ་སྐྱོར་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུངས་བཤད་གནང་ཡོད། མཐའ་བསྡོམས་དེར་བཀའ་ཁྲི་མཆོག་གིས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པར་གལ་གནད་ཆེ་བའི་དོན་ཚན་བཞི་གསལ་བཤད་གནང་དོན། ༡༽ གང་ཟག་སོ་སོས་འཚེ་བ་མེད་པའི་ལམ་ལ་འཇུག་རྒྱུ། ༢༽བོད་ཀྱི་བདེན་མཐའ་སེལ་རྒྱུར་མི་རབས་མང་པོ་འགོར་ནའང་ཞུམ་པ་མེད་པའི་ཆོད་སེམས་རྒྱུན་འཁྱོངས་བྱེད་རྒྱུ་དང། བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་རབས་གསར་པ་ཚོས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་མ་ཐོབ་བར་བོད་དོན་ལས་འགུལ་རྒྱུན་འཁྱོངས་བྱེད་རྒྱུར་གྲ་སྒྲིག་ཨང་གསར་དགོས་པ། ༣༽གལ་ཏེ་རིང་མིན་བོད་ཀྱི་བདེན་མཐའ་སེལ་ཚེ་བོད་ནང་བསྐྱར་གསོ་དང་བོད་དེ་ཞི་བའི་བསྟི་གནས་ཀྱི་སྤྱི་ཚོགས་གསར་པ་ཞིག་ཏུ་འགྱུར་རྒྱུའི་འགན་ཁུར་ལེན་རྒྱུའི་གྲ་སྒྲིག་དགོས་པ། ༤༽གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་བོད་ཀྱི་ཐུན་མོང་མིན་པའི་ལེགས་བྱང་སྲུང་སྐྱོབ་བྱེད་རྒྱུ་བཅས་ཡིན། ཐུགས་རྗེ་ཆེ་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་སུད་བོད་མཛའ་འབྲེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐོག་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།