༢༠༡ ཟླ་ ༢ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་རྒྱ་གར་ས་གནས་ཡུལ་མིའི་ལག་ཤེས་བཟོ་ལས་ཁང་གསར་སྐྲུན་ལེགས་གྲུབ་ཟིན་པ་དབུ་འབྱེད་བསྐྱངས་ཏེ་ལམ་སྟོན་བཀའ་སློབ་སྩལ་དོན། ངོས་རང་འདིར་ཡོང་ཐུབ་པར་ཧ་ཅང་དགའ་པོ་བྱུང། ང་ཚོའི་དམིགས་ཡུལ་ལྟར་ལག་ཤེས་བཟོ་གྲྭ་འདི་ད་ཆ་ལེགས་པར་གྲུབ་འདུག བཟོ་གྲྭའི་ཁང་པ་དང་འཕྲུལ་ཆས་གང་ཙམ་ཞིག་ཀྱང་ཡོད་པ་མ་ཟད། ལག་ཤེས་སྤྲོད་རྒྱུའི་ལས་གཞི་དངོས་སུ་འགོ་འཛུགས་ཟིན་འདུག་པས་ངོས་རང་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་དེ་སྔོན་ལག་ཤེས་བཟོ་གྲྭ་འདིའི་འཛུགས་སྐྲུན་ཆེད་ཧིན་སྒོར་འབུམ་ ༡༠༠ སྤྲོད་རྒྱུའི་ཁས་ལེན་བྱས་པ་ཡིན། དེ་མཚུངས་ངོས་ཀྱིས་སློབ་ཕྲུག་ ༢༠༠ ཙམ་ཡོད་པ་ཚོར་སྤྲོ་སྐྱིད་ཆེད་ཧིན་སྒོར་ ༡༠༠༠༠ སྤྲོད་རྒྱུ་ཡིན། འཛམ་གླིང་ནང་མི་འབོར་ཆེ་ཤོས་རྒྱ་ནག་དང་དེ་རྗེས་རྒྱ་གར་རེད། རྒྱ་གར་ལུང་པ་དེ་ཧ་ཅང་ཆེན་པོ་ཡོད་ཁར་མང་གཙོའི་ལམ་སྲོལ་གཏིང་ཚུགས་པ་ཞིག་དང་རང་དབང་ཅན་གྱི་ཁྲིམས་ཞིབ་ཁང་། གསར་འགྱུར་རང་དབང་། ཆོས་དད་རང་དབང་ཆ་ཚང་ཡོད་པ་ཞིག་ཡིན། ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་བསྡུར་ན་འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་རྒྱ་གར་འདི་ཧ་ཅང་བརྟན་ལྷིང་ངང་གནས་ཐུབ་ཡོད། རྒྱ་གར་ཁྱོན་ཡོངས་ཀྱི་གནས་སྟངས་ཞི་བདེ་ལྡན་པ་ཞིག་རེད། རྒྱ་གར་ནང་དུ་ཁ་ཆེ་མང་པོ་ཡོད་པ་ཚོ་ཡང་ཧ་ཅང་ཞི་འཇམ་ལྡན་པ་ཡིན། ཧིན་ངྷུ་དང་ཁ་ཆེའི་ཆོས་ལུགས་ནང་མི་རེ་ཟུང་གིས་རྙོག་གྲ་སློང་བ་དེ་འདྲ་ཡོང་སྲིད་པ་རེད། འོན་ཀྱང་ཁྱོན་ཡོངས་ནས་ཞི་བདེ་ལྷིང་འཇགས་ཡིན། ད་ཆ་བྱང་ཕྱོགས་ཨ་ཕི་རི་ཁའི་རྒྱལ་ཁབ་དཔལ་འབྱོར་གནས་སྟངས་ཏོག་ཙམ་དྲག་པ་ཡོད།
ཨི་ཇིབ་དང་ཏུ་ནི་ཤི་ལྟ་བུའི་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། རྒྱ་གར་ལྟ་བུར་ཆ་མཚོན་ན་ཡང་དག་པའི་མང་གཙོའི་རྒྱལ་ཁབ་གཅིག་ཆགས་ཡོད་པར་བརྟེན། རྒྱ་གར་གྱི་ཡུལ་འདི་འཛམ་གླིང་སྤྱི་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་ནས་འཚེ་བ་མེད་པའི་ལྟ་གྲུབ་ཀྱི་སྲོལ་བཟང་ཞིག་ཡོད་པའི་ཐོག་ནས་ཆོས་ལུགས་ཆེ་གྲས་ཚང་མ་མཉམ་གནས་བྱེད་བཞིན་ཡོད། དེས་དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་མཚོན་ཐུབ། རྒྱ་གར་གྱི་སྲོལ་རྒྱུན་ནང་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་གྲངས་ཅན་པའི་ཆོས་ལུགས་དང་ཧིན་ངྷུ། གཅེར་བུ་བ། ནང་ཆོས། སིཀ་ཆོས་ལུགས་བཅས་ཚང་མ་རྒྱ་གར་ནས་དར་བའི་ཆོས་ལུགས་ཤ་སྟག་ཡིན། རྒྱལ་ཁབ་གཞན་ནས་དར་ཁྱབ་བྱུང་བའི་ཆོས་ལུགས་དཔེར་ན། པར་ཤི་ཡ་ནས་ཛོ་ར་ཛོ་ཌན་གྱི་ཆོས་ལུགས་དང། ཡེ་ཤུའི་ཆོས་ལུགས། ཁ་ཆེའི་ཆོས་ལུགས། དེ་བཞིན་ཇིའུ་ཆོས་ལུགས་བཅས་ཚང་མ་རྒྱ་གར་ནང་དར་ཁྱབ་བྱུང་སྟེ་ཡག་ཐག་ཆོད་ཡོད། དེ་ལྟ་བུའི་རྒྱ་གར་ནང་དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་ཡོད་པ་དེ་འཛམ་གླིང་རྒྱལ་ཁབ་གཞན་ལ་དཔེ་མཚོན་བྱེད་ཐུབ། རྒྱ་གར་ནང་འགྱུར་བ་དངོས་གནས་ཤིག་འགྲོ་དགོས་ན་སྦེང་ལོར་དང་མུམ་བྷེ། ཀལ་ཀ་ཊ། ལྡི་ལི་སོགས་གྲོང་ཁྱེར་ཆེན་པོ་ཙམ་མིན་པར་གྲོང་གསེབ་ཀྱི་ས་ཁུལ་ཁག་ནང་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་དུས་ལ་བསླེབས་ཡོད།
དེང་རབས་ཅན་གྱི་དུས་སྐབས་འདིར་འཕྲུལ་ཆས་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པར་བརྟེན། འཕྲུལ་ཆས་དེ་དག་ལ་སྦྱོང་བརྡར་སྤྲོད་རྒྱུ་མེད་དུ་མི་རུང་བའི་དུས་ཀྱི་དགོ་མཁོ་ཞིག་ཆགས་ཡོད། ཁྱེད་ཚོས་འདིར་གྲོང་གསེབ་ཁུལ་དུ་ལས་གཞི་འདི་འདྲ་ཞིག་འགོ་བརྩམས་པར་ངོས་ཀྱིས་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོ་བོད་མི་སྐྱབས་བཅོལ་བ་ཚོ་ཐོག་མར་རྒྱ་གར་དུ་སླེབ་སྐབས་ལག་པ་སྟོང་པ་ཡིན། རྒྱ་གར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ། དེ་བཞིན་མི་སྒེར་ཁག་གཅིག་གིས་རོགས་རམ་ལ་བརྟེན་ནས་བོད་མི་ཚོའི་གནས་སྟངས་སྔར་ལས་ལྷག་པ་ཡག་ཏུ་ཕྱིན་ཡོད། ད་ཆ་ཁྱོད་ཚོར་ཕན་ཐོགས་བྱེད་རྒྱུའི་གོ་སྐབས་ཡོད་ཚེ་ང་ཚོས་གང་ཐུབ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཆགས་ཡོད། དཔེར་ན། རྒྱ་གར་ཨོ་རི་ས་མངའ་སྡེའི་ནང་བོད་མི་གནས་སྡོད་བྱེད་སའི་ས་ཁུལ་ལྟ་བུར་མཚོན་ན། རྒྱ་གར་གདོད་མའི་མི་རིགས་འཚོ་གནས་བྱེད་སའི་ལུང་ཁུག་ཅིག་ཡིན། ས་ཁུལ་དེར་རྒྱ་གར་ཡུལ་མིའི་སློབ་གྲྭ་རྒྱག་རྒྱུར་ང་ཚོས་ཕྲན་བུ་རོགས་རམ་ཞུས་ཡོད། ངོས་ཀྱིས་གནད་དོན་གལ་གནད་ཆེན་པོ་གཅིག་ཞུ་འདོད་བྱུང། དེང་རབས་སྤྱི་ཚོགས་འདི་གཙོ་ཆེ་ཤོས་ཕྱི་དངོས་པོའི་འཛུགས་སྐྲུན་ལ་གཞི་བཅོལ་བ་ཞིག་རེད། ང་ཚོ་འགྲོ་བ་མི་ཞིག་ཡིན། ང་ཚོར་ལུས་དང་སེམས། སེམས་ཚོར་ལྡན་ཡོད། ལུས་ཀྱི་བདེ་དོན་རྐྱང་པར་བསམ་བློ་བཏང་ན། ཕྱི་དངོས་པོའི་ཡར་རྒྱས་ཕྱིན་པ་དེས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། བསམ་བློ་དང་སེམས་ཚོར་གྱི་བདེ་བ་བསྒྲུབ་རྒྱུར་ལོ་ངོ་སྟོང་ནས་དར་བའི་རྒྱ་གར་གནའ་བོའི་རིག་གཞུང་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོོད་པས་བཟང་སྤྱོད་དེ་དག་བརྗེད་མི་རུང་། ཞེས་སོགས་བཀའ་སློབ་སྩལ།།