༢༠༡༡ ཟླ་ ༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་ག་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༢ རེས་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ར་ཇི་སི་ཐན་མངའ་སྡེ་ཇེ་པུར་ (Jaipur) གྲོང་ཁྱེར་གྱི་ཁ་ལཀ་ཨ་མེར་ (Clarks Amer) མགྲོན་ཁང་གི་ཐང་ཆེན་དུ་ཇེའི་པུར་ནང་རྟེན་གཞི་བྱས་པའི་སན་ཊོག་སྦ། སྡུུར་ལབ་ཇི་སྨན་པའི་ཐེབས་རྩ་(Santokba Durlabhji Memorial Hospital Cum Medical Research Institute) དང་ཉེ་འགྲམ་གྱི་ཏི་ལོ་ནི་ཡའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སྦེར་ཕུཊ་མཐོ་སློབ་ (Barefoot College) གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་རྒྱལ་དང་རྒྱ་གར་གྱི་མི་སྣ། དེ་བཞིན་ས་གནས་བོད་མི་སུད་ཚོང་བ་ ༡༦༠༠ བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་སྟོང་ལོ་གསར་པའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
སྐབས་དེར་སྦེར་ཕུཊ་མཐོ་སློབ་ཀྱི་གཙོ་འཛིན་སྐུ་ཞབས་བྷང་ཀར་རོའི་ (Bhankar Roy ) ལགས་ཀྱང་ཕེབས་ཡོད། མཛད་སྒོའི་ཐོག་མར་ཚོགས་འདུ་གཙོ་སྐྱོང་བས་༸གོང་ས་མཆོག་དེར་འདུས་མི་མང་རྣམ་པར་ངོ་སྤྲོད་གནང་རྗེས་མགོན་པོོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། ངོས་ཀྱི་གྲོགས་པོ་སྐུ་ཞབས་བྷང་ཀར་རའོ་ལགས་དང་ངོས་གཉིས་ཐོག་མར་ཁེ་ཎ་ཌར་ཐུག་པ་རེད། སྐབས་དེར་ཁོང་གིས་གཏམ་བཤད་གནང་བའི་ནང་གྲོང་གསེབ་པའི་བདེ་དོན་ཆེད་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ཤེས་རྟོགས་བྱུང་། ཁོང་ལྟ་བུར་མཚོན་ན་དེང་དུས་ཚན་རིག་གི་ཤེས་ཡོན་ཚད་མཐོན་པོར་སོན་པ་མ་ཟད། ཤེས་འཇོན་གཉིས་ལྡན་ཞིག་ཀྱང་ཡིན། དེར་བརྟེན་ཁོང་གིས་སྦེར་ཕུཊ་མཐོ་སློབ་གསར་སྐྲུན་གནང་བ་རེད། ངོས་རང་སྔ་མོ་ནས་ཁོང་གི་སློབ་གྲྭ་དེར་བསྐྱོད་འདོད་ཆེན་པོ་ཡོད། ད་རེས་དངོས་སུ་འདིར་བཅར་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ངོས་རང་ཇེའི་པུར་ནང་ཐེངས་གཉིས་བསླེབས་མྱོང་། ཐེངས་དང་པོ་གཅེར་བུའི་བླ་མ་དམ་པ་ཏུལ་སི་མཆོག་གིས་མགྲོན་འབོད་གནང་བྱུང་། བླ་མ་ཏུལ་སི་མཆོག་ནི་ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་སངས་རྒྱས་མྱང་འདས་ཀྱི་དུས་དྲན་སྐབས་ངོ་སྤྲོད་བྱུང་། ངོས་ཀྱིས་རྒྱུན་དུ་མང་ཚོགས་དང་ཐུག་འདོད་བྱེད་ཀྱི་ཡོད། གང་ཡིན་
བརྗོད་ན་ངོས་ཀྱི་འགན་ཁུར་གཙོ་བོ་གསུམ་ཡོད་པའི་དང་པོ་ནི། འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང། གཉིས་པ། ཆོས་ལུགས་མཐུན་སྒྲིལ་གཏོང་རྒྱུ་དེ་ཡིན། དེ་ནས་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་གཞན་དང་གཅིག་མཚུངས་ཇི་སྲིད་ནམ་གནས་བར་བོད་སྤྱི་པའི་རྩ་དོན་ཐོག་གི་འགན་ཁུར་དེ་ནམ་ཡང་དོར་ཐབས་མེད། ཁྱེད་རང་ཚོ་སེམས་ཁྲལ་རྩ་བ་ནས་བྱེད་མི་དགོས། ང་ཚོའི་དཀའ་ངལ་མང་པོ་ཞིག་མིས་བཟོས་པ་རེད། དེར་བརྟེེན་དཀའ་ངལ་དེ་དག་སེལ་རྒྱུའི་ནུས་པ་དེ་ཡང་ང་ཚོར་ཡོད། ད་ཆ་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པར་བརྟེན་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དང་ཕྱོགས་མཚུངས་རྡུལ་ཕྲན་མཚོན་ཆ་ལྟ་བུ་འཛམ་གླིང་གཏོར་ཤིག་གཏོང་རྒྱུའི་གོ་ལག་བཟོ་ཐུབ་ཡོད། བྱུང་རབས་ནང་འཁྲུག་རྩོད་བྱུང་ཡོད་ཀྱང་གཏོར་བཤིག་གཏོང་རྒྱུའི་ནུས་པ་དེ་ཚད་ངེས་ཅན་ཞིག་དང་ཆུང་ཆུང་ལས་མེད། འོན་ཀྱང་ད་ཆ་དུས་རབས་ ༢༡ ནང་དམག་འཐབ་བྱུང་སྐབས་གནོད་འཚེ་བྱེད་རྒྱུའི་ནུས་པ་དེ་ཡང་ཤུགས་ཆེ་རུ་ཕྱིན་ཡོད། འགྲོ་བ་མིའི་རིན་ཐང་ཟེར་བ་དེ་ཆོས་ཀྱི་སྐད་ཆ་མིན། ང་ཚོའི་ལུས་ཕུང་གྲུབ་སྟངས་ཀྱི་ཆ་ནས་བཤད་ན་བྱམས་པ་དང་བརྩེ་བ། དེ་བཞིན་འགྲོ་བ་མིའི་རིན་ཐང་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད། བྱུང་རབས་ཁྲོད་བོད་ཀྱི་གནས་སྟངས་ཐོག་བསམ་ཚུལ་འདྲ་མིན་མང་པོ་ཡོད། རྒྱ་ནག་གོ་མིང་ཏང་དང་དམར་ཤོག དེ་བཞིན་བོད་མི་བཅས་སོ་སོའི་བསམ་ཚུལ་འདྲ་མིན་ཡོད། རྒྱ་ནག་གཞུང་གིས་ང་ཚོས་བོད་ཆེན་པོ་རྩོད་ཀྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་ང་ཚོས་ནམ་ཡང་བོད་ཆེན་པོ་རྩོད་ཀྱི་མེད། རྒྱ་མིས་བོད་ལ་ཤིས་གཙང་ཟེར་གྱི་ཡོད། བཙན་བྱོལ་དུ་བསླེབས་པའི་བོད་མི་ཚོ་བོད་ཀྱི་ས་ཁུལ་ཚང་མ་ནས་བསླེབས་ཡོད། མདོ་དབུས་ཁམས་གསུམ་གྱི་མི་གྲངས་ཚང་མ་བསྡོམས་ནས་བོད་ལ་མི་འབོར་ས་ཡ་དྲུག་ཡོད་པ་བརྗོད་ཀྱི་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཤིས་གཙང་ཟེར་གྱི་ཡོད། ཤིས་ཟེར་དུས་རྒྱ་སྐད་ནང་ནུབ་ཕྱོགས་ལ་བརྗོད་ཀྱི་ཡོད། གཙང་བོད་ལ་ཟེར། ཤིས་གཙང་ཟེར་བ་དེ་གཅིག་པུ་བོད་ཀྱི་ཆ་ཤས་ཡིན་པ་བརྗོད་ན། ངོས་རང་བོད་མི་མིན་པ་ཆགས་འགྲོ་གི་རེད། གང་ཡིན་ཟེར་ན་ཤིས་གཙང་ནང་ཁམས་དང་ཨ་མདོ་སོགས་ཚུད་ཀྱི་མེད། དེར་བརྟེན་རྒྱ་ནག་གཞུང་གིས་ང་ཚོ་ཤིས་གཙང་གི་ས་ཁྱོན་ནང་མེད་པའི་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན། ཡུའུ་ནན་སོགས་བོད་ཀྱི་ས་ཁུལ་ཡིན་པ་བརྗོད་དུས་བོད་ཆེན་པོ་རྩོད་ཀྱི་འདུག་ཟེར་ནས་སྐྱོན་བརྗོད་བྱས་པ་དེ་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ཞིག་རེད། ཆོས་ལུགས་མཐུན་སྒྲིལ་དང་འགྲོ་བ་མིའི་རིན་ཐང་ཟེར་བ་དེར་གཞུང་གིས་བྱེད་ཐུབ་པ་གང་ཡང་མེད། འགྲོ་བ་མིའི་རིན་ཐང་ལྟ་བུར་མཚོན་ན་ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ། རྒྱལ་སྤྱི་སོགས་ནས་རིམ་པས་ཡོང་དགོས་པ་ཞིག་རེད། དེ་ལས་ལྡོག་སྟེ་ཡོང་ཐུབ་པ་ཞིག་མིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་བསྟུན། སྐབས་དེར་མང་ཚོགས་ནས་དྲི་བ་ ༡༥༠ ཕུལ་ཡོད་ཀྱང་དུས་ཚོད་ཀྱི་རྐྱེན་པས་དྲི་བ་ཁག་གཉིས་ཙམ་ལ་བཀའ་ལན་སྩལ་ཡོད་པ་བཅས། །