༢༠༡༡ ཟླ་ ༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༨ རེས་གཟའ་པ་སངས་ཉིན་རྒྱ་གར་གྲོང་ཁྱེར་མུམ་བྷེའི་ནང་ཀླད་ཁམས་ཚན་རིག་གི་ཚོགས་ཆེན་ཐེངས་༡༦་པའི་(16th Convention of Acadamecia Eurasian Neurochirugica) ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་སྨན་པ་དང་ཚན་རིག་པ་རྣམས་ལ་དེང་དུས་འཕྲུལ་ཆས་དང་སྲོལ་རྒྱུན་གྱི་ལེགས་བཤད་གཉིས་ཟུང་འབྲེལ་ཐོག་ནས་མིའི་བསམ་བློ་དང་འབྲེལ་བའི་སེམས་ཚོར་གྱི་རྣམ་གཞག་སྐོར་ཉམས་ཞིབ་ད་དུང་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། ང་ཚོའི་མིག་གིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དངོས་པོའི་གནས་སྟངས་ཐོག་ལ་ཚན་རིག་པ་ཚོས་ལག་རྗེས་ཆེན་པོ་བཞག་ཐུབ་ཡོད། འོན་ཀྱང་བསམ་བློའི་ཚན་རིག་དང་སེམས་ཚོར་གྱི་རྣམ་གཞག་ཐོག་ལ་རྒྱ་གར་སྲོལ་རྒྱུན་ནས་གསུངས་པའི་ཞི་གནས་དང་ལྷག་མཐོང་གི་རྣམ་གཞག་ཐོག་ནས་འགྲེལ་བཤད་ཟབ་མོ་ཞེ་དྲག་ཡོད། དེ་དག་ཉམས་ལེན་བྱེད་པར་ནང་བསམ་བློའི་རྣམ་གཞག་སྐོར་རྒྱུས་མངའ་དགོས། ང་ཚོས་སེམས་ཚོར་འདྲ་མིན་སོ་སོར་སྟངས་འཛིན་ཐུབ་པར་ཆོས་དེ་དག་གི་རྣམ་གཞག་སྐོར་ཤེས་དགོས། ནུབ་ཕྱོགས་པའི་ཚན་རིག་ཕུལ་བྱུང་མང་པོས་གནས་ཚུལ་དེ་དག་ལ་དངོས་གནས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་ལུས་པོའི་འཕྲོད་བསྟེན་དང་སེམས་ཀྱི་གནས་སྟངས་དབར་འབྲེལ་བ་ཇི་ཡོད་ཚན་རིག་ལམ་ནས་ཉམས་ཞིབ་དགོས་གལ་ཆེ་སྐོར་བཀའ་སློབ་སྩལ་དོན། བསམ་བློའི་འཕྲོད་བསྟེན་ཐོག་ནས་ལུས་པོ་བདེ་ཐང་ཡོང་ཐུབ་པ་བྱེད་རྒྱུ་དེ་གཙོ་བོ་རེད། ང་ཚོར་བསམ་བློ་ཞི་བདེ་ལྷིང་འཇགས་བཟོ་རྒྱུའི་ནུས་པ་ཡོད།
ཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་དཀའ་ངལ་དེར་ལྟ་ཐུབ་པ་ཡིན་ན་བསམ་བློའི་ནང་དངངས་སྐྲག་ཆུང་དུ་འགྲོ་རྒྱུ་དང་སེམས་ཞི་བདེ་ལྷིང་འཇགས་ཡོང་ཐུབ། སེམས་འཕྲལ་དང་དངངས་འཚབ་ཀྱིས་ང་ཚོའི་ཀླད་པའི་རྫས་རྡུལ་ཕྲ་མོར་འགྱུར་བ་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ལུས་ལ་ན་ཚ་སོགས་ཡོང་གི་ཡོད་པས་སེམས་ཞི་བདེ་བག་ཕེབས་དེ་ནི་ནད་གཞི་སྔོན་འགོག་གི་ཐབས་ལམ་མཆོག་ཡིན་ཞེས་བཀའ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་ལ་གཞི་མ་བཅོལ་བའི་མིའི་བཟང་སྤྱོད་དེ་དག་གོང་མཐོར་གཏོང་རྒྱུར་འབད་བརྩོན་མང་ཙམ་དགོས་སྐོར་བཀའ་སྩལ་དོན། མི་སྒེར་གྱི་མི་ཚེ་སྐྱིད་པ་ཞིག་དང་སྤྱི་ཚོགས་ཞི་བདེ་ཡོང་བར་ང་ཚོས་ནང་བསམ་བློའི་རིན་ཐང་ཐོག་འབད་བརྩོན་བྱེད་དགོས། ལྐོག་ཟ་རུལ་སྲུངས་དང་ཞེ་སྡང་། ཕྲག་དོག ཞེད་སྣང་སོགས་ཀྱིས་བསམ་བློ་དེས་སྤྱི་ཚོགས་ནང་མ་སྐྱིད་པ་བཟོ་གི་ཡོད། དེར་བརྟེན་ང་ཚོས་ཆོས་ལུགས་ལ་གཞི་མ་བཅོལ་བའི་ཐོག་ནས་མིའི་བཟང་སྤྱོད་དེ་དག་གོང་མཐོར་གཏོང་རྒྱུར་འབད་བརྩོན་མང་ཙམ་བྱེད་དགོས། ཆོས་ལུགས་ལ་གཞི་མ་བཅོལ་བའི་མིའི་བཟང་སྤྱོད་དེས་འཛམ་གླིང་ཞི་བདེ་སྐྲུན་རྒྱུར་ཕན་ཐོགས་ཆེ་བ་ཡོད། དུས་རབས་ ༢༠ ནང་ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཧ་ལས་པ་ཕྱིན་པ་དང་ཆབས་ཅིག་དུས་རབས་དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཀྱང་ཆགས་ཡོད། སྔ་མོའི་སྐབས་རྙོག་གྲ་དང་འཁྲུག་རྩོད་ཡོང་གི་ཡོད་ཀྱང་གཏོར་བཤིག་དེ་ཙམ་ཚབས་ཆེན་པོ་ཡོང་གི་མེད། འོན་ཀྱང་དེང་སྐབས་གཏོར་བཤིག་གཏོང་རྒྱུའི་ནུས་པ་ཚད་མེད་པར་བརྟེན་ང་ཚོར་དཀའ་ངལ་ཚད་ལས་བརྒལ་བ་བཟོ་ཐུབ། དེར་བརྟེན་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་འཛམ་གླིང་ཞི་བདེ་དང་བྱམས་བརྩེ། བདེ་སྐྱིད་ལྡན་པ་ཞིག་བསྐྲུན་པའི་ངེས་པ་གང་ཡང་མེད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།