༢༠༡༡ ཟླ་ ༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་མཁའ་ལམ་བརྒྱུད་ཧུབ་ལིའི(Hubli)གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་པོ་རྣམ་པས་དབུས་ཕྱག་མཛོད་རྣམ་པ། ས་གནས་འགོ་འཛིན་དང་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། ས་གནས་རྫོང་དཔོན་དང་། སྐོར་སྲུང་སྤྱི་ཁྱབ་བཅས་ཕེབས་བསུར་བཅར་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་ཐང་དུ་བཅར་བའི་གསར་འགོད་པ་ཁག་གཅིག་ལ་ཐེངས་འདིའི་ཆིབས་སྒྱུར་དང་འབྲེལ་བའི་བཀའ་སློབ་ཕེབས་དོན། ངོས་རང་སླར་ཡང་ས་གནས་འདིར་ཡོང་ རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། མོན་གྷོ་ནི་བོད་མིའི་གཞིས་སྒར་ཙམ་དུ་མ་ཟད། ལོ་རྒྱུས་ལྡན་པའི་གདན་སའི་སློབ་གཉེར་ཁང་གཉིས་ས་གནས་འདིར་ཆགས་ཡོད། སློབ་གཉེར་ཁང་དེ་ཚོའི་ནང་སོག་རིག་དང་ཧི་མཱ་ལ་ཡའི་རི་རྒྱུད་ཁུལ་གྱི་སློབ་གཉེར་བ་སྟོང་ཕྲག་ཁ་ཤས་སློབ་སྦྱོང་བྱེད་བཞིན་ཡོད། ངོས་རང་སློབ་གཉེར་ཁང་དེ་དག་ནང་བསྐྱོད་རྒྱུ་ཡིན། དེ་བཞིན་ཀར་ན་ཊ་ཀ་མངའ་སྡེ་འདིས་བོད་མི་སྟོང་ཕྲག ༤༠ ཙམ་ཞིག་ལ་གཞིས་ཆགས་ཀྱིི་མཐུན་རྐྱེན་གནང་ཡོད། དེར་བརྟེན་ངོས་རང་སླར་ཡང་ས་གནས་འདིར་ཡོང་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་།
ཞེས་བཀའ་སློབ་ཕེབས་རྗེས་ཆིབས་འགྲོའི་ཐོག་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ནས་ཕེབས་ལམ་གཡས་གཡོན་དུ་ལག་ཏུ་དཀར་གཙང་མཇལ་དར་དང་མཆོད་རྫས་སྣ་ཚོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་བཞིན་སློབ་ཕྲུག་རྣམས་ནས་སློབ་གྲྭའི་ཕེབས་སྒོའི་མདུན་དུ་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་དང་། རྔ་རོལ་དང་བཅས་ཏེ་ཕེབས་བསུ་ཞུས་ཡོད། ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་རྭ་སྟོད་གྲྭ་ཚང་དུ་༸ཞབས་སོར་འཁོད་སྐབས། གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་དང་འདུས་དམངས་ཡོངས་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་འདུ་ཁང་གི་རྒྱལ་སྒོའི་མདུན་དུ་༸ཞབས་སོར་འཁོད་དེ་འདུ་ཁང་གསར་པ་དབུ་འབྱེད་དང་རབ་གནས་བཀྲིན་ཆེ་བ་བསྐྱངས་ཡོད། དེ་རྗེས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན་དགོན་དེའི་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་སྦྲགས། འདུས་མང་ནས་རྒྱུན་ཆགས་གསུམ་པ་དང་། གནས་བཅུ། ༸རྒྱལ་བའི་ཞབས་བརྟན་དང་སྨོན་ལམ་བཅས་གསུང་འདོན་གནང་། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་དོན། དེ་རིང་ངོས་རང་འདིར་ཡོང་རྒྱུའི་རྒྱུ་མཚན་གཙོ་བོ་དེ་ཁ་སྔོན་སེ་ར་ཆོས་སྒར་དུ་ཕྱིན་ཏེ་རྩོད་རྒྱུགས་བྱས་པ་ཡིན། དེ་རིང་འདིར་འབྲས་སྤུངས་དང་དགའ་ལྡན་ལ་རྩོད་རྒྱུགས་ཤིག་བྱེད་ཐུབ་ན་བསམ་པ་དྲན་བྱུང་། གང་ལྟར་ང་རང་ཚོའི་གདན་ས་ཆེ་ཁག་དེ་དག་གིས་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་དེ་དཔལ་ནཱ་ལེནྡྲ་ལའི་ཆོས་བརྒྱུད་འཛིན་སྟངས་ཡང་དག་པ་ཞིག་ཆགས་ཡོད། ནཱ་ལེནྡྲའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་སློབ་སྦྱོང་བྱས་ཏེ་རྒྱུས་ཡོད་མཁན་མིན་པ་ཞིག་ལ་དཔལ་ནཱ་ལེནྡྲའི་རྒྱུན་འཛིན་ཡིན་ཞེས་བརྗོད་ན་དགོས་པ་གང་ཡང་མེད། དེར་བརྟེན་བཤད་གྲྭ་ཁག་དེ་དག་གིས་སྔོན་མ་རྩོད་རྒྱུགས་ཕྲན་བུ་བྱས་ཡོད། བར་སྐབས་ནས་བྱེད་རྒྱུ་མ་བྱུང་བར་བརྟེན་གཅིག་ལྟ་ཐུབ་ན་བསམ་བྱུང་། དེའི་ཞོར་ལ་གྲྭ་ཚང་སོ་སོ་དང་ལྷག་པར་ཤར་རྩེ་གྲྭ་ཚང་ལ་དེ་སྔོན་ཡིན་ན་ཆོས་འབྲེལ་བྱེད་རྒྱུ་སྟབས་བདེ་ཞིག་མེད། ད་ཆ་གཙང་མ་ཆགས་ཡོད་སྟབས་ཆོས་འབྲེལ་བྱེད་བདེ་ཆགས་ཡོད། ད་ལྟ་རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་པ་བརྒྱབ་སྟེ་འགོ་འབྱེད་དུ་བཅར་རྒྱུའི་རེ་འདུན་བྱུང་བ་ལྟར་དེ་རིང་འདིར་བཅར་བ་ཡིན། ས་གནས་འདིར་འབྱོར་སྐབས་ཁྱེད་རང་ཚོ་སེར་སྐྱ་མི་མང་ཚང་མས་དད་པ་དང་།
དམ་ཚིག་ལ་རྒྱ་ལྷད་མེད་ཐོག་དགའ་བསུ་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་གར་གྱི་ས་གནས་ཡུལ་པ་ཚོས་དགའ་བསུ་བྱས་ཏེ་རྣམ་འགྱུར་ཡག་པོ་སྟོན་གྱི་འདུག་པས་ཁོང་ཚོ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་གཙུག་ལག་ཁང་གསར་པ་གྲུབ་སྟེ་འགོ་འབྱེད་མཛད་སྒོ་བྱེད་རྒྱུ་བྱུང་བ་རེད། ལོ་རྒྱུས་ལྡན་པའི་རྭ་སྟོད་གྲྭ་ཚང་གི་མཁན་པོ་བླ་མ་ཚོ་དང་། དགེ་འདུན་སློབ་གཉེར་བ་ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངོས་ཀྱིས་ནམ་རྒྱུན་འདི་ལྟར་ཤོད་ཀྱི་ཡོད། མངོན་པར་མཛོད་ནང་། །སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །བསྒྲུབ་པར་བྱེད་པ་ཁོ་ན་ཡིན། གསུངས་པ་བཞིན། སྡེ་སྣོད་གསུམ་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ། ཐོས་བརྩོན་སྒྲུབ་ལ་གཞོལ་ནས་རྒྱུད་ཐོག་འཇགས་རྒྱུ། བསླབ་པ་གསུམ་ཉམས་ལེན་གྱི་ཐོག་ནས་གང་ལྟར་སོ་སོའི་བསམ་བློ་བཏང་སྟེ་སྔོན་ལ་ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་པ་གཉིས་ཚད་མཐོ་པོ་ཞིག་མ་བྱུང་ནའང་། ཚུལ་ཁྲིམས་ཀྱི་བསླབ་པའི་སྒོ་ནས་སོ་སོས་འགྱོད་པ་མེད་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། རིམ་པས་ཤེས་རབ་དང་ཏིང་ངེ་འཛིན་གྱི་བསླབ་པ་སོ་སོའི་རྒྱུད་ལ་སྐྱེ་པ་ཞིག་བྱེད་དགོས། དེ་ལྟ་བུའི་སྒོ་ནས་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཞིག་ཡིན། ང་ཚོ་བྱེས་ལ་འཁོད་པའི་གདན་ས་ཁག་དེ་དག་དགེ་རྒན་ཁག་སློབ་སྦྱོང་བྱེད་ས་ལྟ་བུ་ཆགས་འདུག་ཅེས། ངོས་ཀྱིས་སྔོན་མ་ནས་བརྗོད་ཀྱི་ཡོད། ད་ཕན་ཡིན་ནའང་ད་ལྟའི་གནས་སྟངས་འདིའི་འོག་ནས་རྒྱ་གར་ལ་སློབ་གཉེར་བྱས་ཏེ། རང་ཡུལ་ལ་ལོག་རྗེས་སོ་སོའི་ཡུལ་དགོན་ཚོར་ཞབས་འདེགས་བསྒྲུབ་རྒྱུ། དཔེར་ན། ལ་དྭགས་དང་མོན་ཁུལ་ནས་ཡོང་བ་དེ་ཚོས་སློབ་གཉེར་བྱས་རྗེས་རང་ཡུལ་ལ་བསྟན་པ་དང་འགྲོ་བའི་དོན་དུ་ལས་དོན་བསྒྲུབས་པ་དེ་འདྲ་ཡོང་གི་ཡོད། བོད་གངས་ཅན་གྱི་ལྗོངས་ལ་ཡིན་ནའང་རྒྱ་གར་ནས་སློབ་གཉེར་བྱས་ཏེ། དགེ་བཤེས་ཆ་ཚང་ཐོན་ཡོད་མེད་ལ་མ་ལྟོས་པར་སོ་སོའི་དགོན་པར་དཔེ་འཁྲིད་ཐོག་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུ་ཡག་ཐག་གཅོད་ཡོང་གི་ཡོད་པ་ལྟ་བུ་འདུག གནས་ཚུལ་དམ་བསྒྲགས་ཆེན་པོ་དེ་ལྟ་བུ་འོག་བསྟན་པའི་ཞབས་འདེགས་གང་ལེགས་སྒྲུབ་ཀྱི་ཡོད། མ་འོངས་པར་ང་ཚོ་གཞིས་བྱེས་མཉམ་འཛོམས་བྱུང་བའི་སྐབས་འདིར་སློབ་གཉེར་བརྒྱབ་པ་དེ་དགེ་རྒན་སློབ་སྦྱོང་སྤྲད་པ་བཞིན། རང་དགོན་གཙོ་བོར་གྱུར་བའི་དགོན་ཡུལ་ཚང་མར་ཞབས་འདེགས་སྒྲུབ་ཐུབ་རྒྱུའི་དམིགས་ཡུལ་འདི་ལྟར་ཡིན།
འདིར་སློབ་གཉེར་བྱས་ཏེ་སོ་སོའི་མི་ཚེའི་བྱ་བ་སོགས་ཀྱི་ཆེད་དུ་མིན། གཙོ་བོ་བོད་ནང་བསྟན་པའི་ཞབས་འདེགས་སྒྲུབ་ཐུབ་པའི་ཆེད་ཡིན་པ་ཁྱེད་རང་ཚོ་ཚང་མས་དགོངས་པར་འཇགས་དགོས། ལུང་རྟོགས་ཀྱི་ཡོན་ཏན་རང་ལ་ཚང་བ་ཞེས་པ་དེ་དགོང་མོ་གཅིག་གཉིས་ལ་ཚང་རྒྱུ་མེད། དབང་ལྟ་བུ་ཡིན་ན་ཁ་སེང་ཞུས་ནས་དེ་རིང་ཐོབ་བྱུང་ཞེས་བརྗོད་རྒྱུ་ཡོད། ལུང་རྟོགས་ཀྱི་ཡོན་ཏན་ཞེས་པ་ནི་ལོ་ནས་ལོ་བསྟུད་དེ་སློབ་གཉེར་དང་ཉམས་ལེན་བྱས་ཏེ། སེམས་ལ་གོམས་འདྲིས་གཏད་ནས་ཡོང་དགོས་པ་ཞིག་ཡིན་པར་བརྟེན། མ་འོངས་པར་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེན་པོ་ཞིག་ཡོང་བར། ད་ལྟ་ནས་ཁྱེད་རང་ཚོ་བཙུན་ཆུང་ལོ་གཞོན་དུས་ནས་བཟུང་ལུང་རྟོགས་ཀྱི་བསྟན་པ་ངོ་ཤེས་པའི་ཐོག་ནས་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་སྦྱིན་བདག་མཐུན་འགྱུར་སྦྱོར་མཁན་ཚོ་ཡང་བསྟན་པའི་མེ་རོ་སླར་གསོའི་ཞབས་འདེགས་ཤིག་ཆགས་ཡོད། འདིར་དགེ་འདུན་ཉུང་ཤས་ཤིག་གི་གྲོད་ཁོག་རྒྱག་རྒྱུའི་གནས་ཚུལ་ཆགས་མེད། ད་ལྟ་བཤད་མ་ཐག་པ་ལྟར་མ་འོངས་པར་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཆེད་ཀྱི་བསྟི་གནས་ཤིག་གྲུབ་པ་ཡིན་དུས་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོ་སྦྱིན་བདག་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་རང་ཚོའི་མཐུན་རྐྱེན་གྲུབ་པ་དེ་དག་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད་དུས་སོ་སོའི་ཀུན་སློང་གི་ཐོག་ནས་གསལ་པོ་ཞིག་བསམ་བློ་བཏང་ཐུབ་ན་ཚོགས་ཆེན་པོ་གསོག་གི་ཡོད། དགེ་བ་བསགས་པ་དེ་རང་གིས་ཡི་རང་དང་བསྔོ་བ་བྱེད་རྒྱུ་གལ་ཆེན་པོ་རེད། དེ་གནང་རོགས་བྱེད་ཞུ་རྒྱུ་ཡིན། དེ་བཞིན་བྲག་གཡབ་རིན་པོ་ཆེ་དང་། རྭ་སྟོད་སྐྱོང་བླ་རིན་པོ་ཆེ་ཁྱེད་རྣམ་པས་ཧུར་ཐག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐྱོང་བླ་རིན་པོ་ཆེའི་གསོལ་དཔོན་ནམ་ཕྱག་མཛོད།
ཁྱེད་རང་ཚོའི་མཁན་པོའི་འོས་ནང་སླེབ་མཁན་ནི་ཀི་ལ་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་ཁྱེད་རང་ཚོ་ཀོ་རི་ཡའི་ཆོས་གྲོགས་ཚོས་དེ་རིང་ཆེད་མངགས་འགོ་འབྱེད་མཛད་སྒོར་ཡོང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ནས་༸གོང་ས་མཆོག་གིས་ཉིན་གུང་ལྗགས་སྨིན་རྭ་སྟོད་གྲྭ་ཚང་དུ་མཛད་གྲུབ་བསྟུན་རྭ་སྟོད་གྲྭ་ཚང་གི་དགེ་འདུན་སློབ་གཉེར་བའི་རྩོད་རྒྱུགས་གནང་སར་ཆིབས་སྒྱུར་བསྐྱངས་ཏེ་ཐུགས་ཞིབ་མཛད་ཡོད། དེ་རྗེས་ཆུ་ཚོད་ ༢ པ་ཡོལ་ཙམ་དུ་མགོན་པོ་གང་ཉིད་མཆོག་འབྲས་སྤུངས་བླ་སྤྱི་ཚོགས་ཁང་དུ་ཕེབས་སྟོན་མཛད་སྒོའི་ཐོག་ཆིབས་སྒྱུར་བསྐྱངས་ཡོད།
རྭ་སྟོད་གྲྭ་ཚང་འདི་ནི་ཕྱི་ལོ་ ༡༩༨༢ ལོར་རྒྱ་གར་ལྷོ་ཕྱོགས་མོན་གྷོར་ཕྱག་བཏབ་པ་ཞིག་དང་། སྐབས་དེར་དགེ་འདུན་པའི་ཞལ་གྲངས་བཅུ་གྲངས་ཙམ་ལས་མེད་སྟབས། འབྲས་སྤུངས་བློ་གླིང་གྲྭ་ཚང་དང་ལྷན་དུ་ཚོགས་ཆོས་གཉིས་ཀར་མཉམ་ཞུགས་བྱས་ཤིང་རིམ་པས་དགེ་འདུན་པའི་ཞལ་གྲངས་འཕེལ་རྒྱས་སུ་ཕྱིན་ཏེ་གྲྭ་ཚང་ཟུར་འཛུགས་གནང་ཡོད། ཕྱི་ལོ་ ༡༩༨༧ ལོར་ཚོགས་སྡེ་སྤྱིའི་སྒྲིག་གཞི་ལྟར་ཀར་ན་ཊ་ཀའི་མངའ་སྡེ་ཀར་ཝར་(Karwar)རྫོང་དུ་ཁྲིམས་མཐུན་དེབ་སྐྱེལ་གནང་། ཕྱི་ལོ་ ༡༩༩༡ བར་འབྲས་སྤུངས་བློ་གསལ་གླིང་ཁོངས་ཁང་ཚན་ཞིག་གི་ངོ་བོར་གནས་ཡོད་པ་དང་། ཕྱི་ལོ་ ༢༠༠༤ ལོ་ནས་བཟུང་གྲྭ་ཚང་ཟུར་དུ་སླར་གསོའི་ལས་གཞི་དབུ་འཛུགས་གནང་སྟེ། ཕྱི་ལོ་ ༢༠༡༡ ལོར་གྲྭ་ཚང་འདིའི་རྟེན་དང་བརྟེན་པ་བཅས་ཡོངས་སུ་ལེགས་པར་གྲུབ་སྟེ། མགོན་པོ་གང་ཉིད་མཆོག་ལ་རབ་གནས་དང་དབུ་འབྱེད་སྐྱབས་འཇུག་ཞུས་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་བཞིན་ཉིན་འདིར་དངོས་སུ་རབ་གནས་དང་དབུ་འབྱེད་བཀའ་དྲིན་ཆེ་བ་སྩལ་ཡོད། ད་ལྟའི་ཆར་གྲྭ་ཚང་འདིར་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་ཞལ་གྲངས་ ༡༢༥ ཙམ་ཡོད་འདུག གྲྭ་ཚང་འདིའི་ནང་སློབ་གཉེར་གནང་མཁན་དགེ་འདུན་པ་རྣམས་ནི་བོད་དང་ལ་དྭགས། མོན་པ། འབྲུག་ཡུལ། རྟ་མང་བཅས་ནས་ཡིན་པ་དང་། དགེ་འདུན་པ་རྒན་གྲས་མང་ཆེ་བ་བོད་རིགས་ཡིན་འདུག དགེ་འདུན་པ་ལོ་ན་ཆུང་བ་རྣམས་ས་གནས་ཀྱི་གཏན་སློབ་ནང་འཛིན་རིམ་བཅུ་གཉིས་བར་སློབ་སྦྱོང་ཆེད་གཏོང་གི་ཡོད་པ་དང་། དེ་སྔོན་རྭ་སྟོད་གྲྭ་ཚང་གི་ཚོགས་ཁང་རྙིང་པའི་ནང༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་བརྒྱད་ཙམ་ཆིབས་སྒྱུར་བསྐྱངས་ཡོད་འདུག་པ་བཅས།།