༢༠༡༡ ཟླ་ ༡ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ལོའི་ ཟླ་ ༡ ཚེས་ ༤ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་ཕོ་བྲང་དུ་དེང་དུས་དྲྭ་ལམ་བརྙན་འཕྲིན་བརྒྱུད་ནས་རྒྱ་ནག་པེ་ཅིང་དུ་ཡོད་པའི་རྩོམ་པ་པོ་ཝང་ལི་ཞུང་དང་། ཧྲིན་ཀྲིན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཐུན་པིའོ། པེ་ཅིང་གི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་ཅཱང་ཐེན་ཡོང་བཅས་ཀྱི་དྲི་བ་གཉིས་དང་གཞན་རྒྱ་ནག་ནང་ཁུལ་ནས་བཏོན་པའི་དྲི་བ་བཅས་ཁྱོན་དྲི་བ་བརྒྱད་ཙམ་ལ་བཀའ་ལན་སྩལ་ཡོད།
སྐབས་དེར་ཐོག་མར་ཝང་ལི་ཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་འདྲི་ཞུས་དོན།
ཏཱ་ལའི་བླ་མ་མཆོག་ལ་ཕྱི་ལོའི་ལོ་གསར་གྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ང་ཚོ་ཕན་ཚུན་རྒྱང་ཐག་རིང་པོའི་སར་ཡོད་ཀྱང། དྲྭ་རྒྱ་ཡོད་པའི་དབང་གིས་ཐག་ཉེ་པོ་ཆགས་པའི་ཚོར་སྣང་བྱུང། དེ་རིང་འདིར་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཐུན་པེའོ་དང་། ཅཱང་ཐེན་ཡུང་གཉིས་མཉམ་བཞུགས་གནང་ཡོད། ཁོང་གཉིས་ནི་རྒྱ་མི་རིགས་ཀྱི་དམངས་གཙོ་དང་རང་དབང་ཆེད་དུས་ཡུན་རིང་པོར་ཁྲིམས་རྩོད་བྱེད་མཁན་ཡིན་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གནད་དོན་བྱུང་སྐབས་ཐེན་པེའོ་ལྟ་བུར་མཚོན་ན་ཨང་དང་པོར་བོད་རིགས་ལ་ཁྲིམས་རྩོད་ཀྱི་རོགས་པ་བྱེད་ཀྱི་ཡིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་ཀྱང་སྤེལ་ཡོད། དེ་བཞིན་ཁོང་གཉིས་ནི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་བསམ་འཆར་དོན་ཚན་བཅུ་གཉིས་འདོན་མཁན་རྒྱ་རིགས་ཤེས་ཡོན་ཅན་གྱི་གྲས་ཡིན་པ་དང་། དེས་མ་ཚད་ཁོང་གཉིས་ནི་བོད་ཙམ་དུ་མ་ཟད་རྒྱ་ནག་ནང་མང་གཙོ་དང་། རང་དབང་། ལྷག་པར་དུ་མི་མང་གི་ཁྲིམས་ལུགས་བདག་དབང་ཐད་རོགས་པ་བྱེད་མཁན་གྱི་མི་སྣ་གཉིས་ཡིན་ཞེས་ཞུ་རྒྱུ་ཡིན་ལགས་ཞེས་སྙན་སེང་ཞུས།
དེ་རྗེས་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཐུན་པིའོ་ཡིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་དོན།
ད་ལམ་ཏཱ་ལའི་བླ་མ་མཆོག་དྲྭ་བརྙན་བརྒྱུད་ལམ་ཐོག་ནས་དངོས་སུ་མཇལ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་། གོ་སྐབས་འདི་བཟུང་ནས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལྟ་བར་རྒྱ་བོད་མི་རིགས་གཉིས་ཀྱི་མཐུན་བསྒྲིལ་དང་། ལྷག་པར་དུ་མི་རིགས་གཉིས་ཀྱི་ཞི་བདེ་བཅས་ཀྱི་ཐད་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ལོ་གསར་པ་འདིའི་ནང་སྐུ་ཁམས་གསལ་ཐང་ཡོང་བ་དང། བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་བ་གོང་ནས་གོང་དུ་འཕེལ་བའི་རེ་སྨོན་ཞུ་གི་ཡོད་ཅེས་ཞུས།
ཕྱོགས་མཚུངས་སྐབས་དེར་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་ཅཱང་ཐེན་ཡོང་གིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་དོན།
ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ཞིག་ནི་ད་ལྟའི་རྒྱ་ནག་གི་གནས་བབ་འདི་འདྲའི་ཐབས་སྐྱོ་པོའི་སྐབས་འདིར་སྐུ་ཉིད་ནས་ད་དུང་ཞི་བདེའི་སྙིང་སྟོབས་དར་སྤེལ་གཏོང་གནང་གིས་རྒྱ་ནག་མི་མང་ལ་ཞི་བདེ་དང་། བདེ་སྐྱིད་ཀྱི་ལམ་སྣ་འདྲེན་གནང་བ་ནི་ཧ་ལས་དགོས་པ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། མ་འོངས་པར་མུ་མཐུད་ཐུགས་ཁུར་ཆེ་བསྐྱེད་ཡོང་བའི་རེ་བའང་ཞུ་གི་ཡོད། ངས་ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་ཞབས་དང་རེ་བ་རྩེ་གཅིག་ཏུ་ཞུ་གི་ཡོད་ཅེས་གསུངས།
དེ་རྗེས་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་ཆོས་གྲོགས་ཚོར་འཚམས་འདྲི་མཛད་དོན།
དེ་རིང་ང་ཚོའི་ལུས་པོ་ཕན་ཚུན་ཁད་གྱང་དུ་ཡོད་ཀྱང་ཕན་ཚུན་ངོ་གདོང་མཐོང་ཐུབ་པ་དང་། ཕན་ཚུན་སྐད་ཆ་ཤོད་རེས་བྱེད་ཐུབ་པ་འདི་ནི་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་པ་མཚོན་གྱི་ཡོད། ང་ཚོ་ཕན་ཚུན་སྐད་ཆ་ཤོད་སྐབས་ཕ་རོལ་པོའི་ལུས་ཀྱི་དྲི་མ་སྣོམ་ཐུབ་པ་བྱུང་ཚེ་ཆ་ཚང་ལྟ་བུ་ཆགས་རྒྱུ་རེད་འདུག དེ་རིང་རྒྱ་ནག་སྐམ་ས་ཆེན་པོའི་ནང་གི་རྒྱ་རིགས་གྲོགས་པོ་རྣམ་དཔྱོད་ཅན་ལེགས་ཉེས་ཀྱི་ཆ་མཐོང་ཞིང་། ཕུག་རྒྱང་རིང་པོའི་གནས་ཚུལ་ཡང་མཐོང་ཐུབ་མཁན་ཁྱེད་ཚོ་དང་མཉམ་དུ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང། རིམ་པས་གནས་ཚུལ་ལ་འགྱུར་བ་གཏན་གཏན་འགྲོ་གི་རེད། ང་རང་ཚོ་ཕན་ཚུན་ལག་པ་གཏོང་རེས་དང། ཕན་ཚུན་གྱི་གདོང་པ་མཐོང་ཞིང་། སྐད་ཆ་གོ་ཐུབ་པ། དེ་ཙམ་མ་ཟད་ཕན་ཚུན་ལུས་ཀྱི་དྲི་མའང་སྣོམ་ཐུབ་པའི་དུས་ཚོད་གཅིག་གཏན་གཏན་འཆར་རྒྱུ་ཡིན། ངོས་ནས་ད་ལྟ་རང་རྒྱ་ནག་སྐམ་ས་ནས་ཡིན་པའི་རྒྱ་རིགས་ནང་པ་ཚོ་ཁག་གཅིག་ཐུག་སྟེ། ཁོང་ཚོར་འཚམས་འདྲི་དང་ནང་ཆོས་སྐོར་འགྲེལ་བཤད་བརྒྱབ་པ་ཡིན་ཁོང་ཚོ་ཧ་ཅང་དགའ་པོ་བྱུང་སོང་ཞེས་བཀའ་སྩལ་གྲུབ་བསྟུན།
ཐུན་པིའོ་ཡི་དྲི་བ་ཕུལ་དོན།
རྒྱ་བོད་མི་རིགས་བར་དང་། རྒྱ་བོད་ཤེས་ཡོན་ཅན་བར་དུ་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ཤེས་རྟོགས་བྱེད་པ་ནི། བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་ཐག་གཅོད་བྱེད་པར་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་ལ། ྋགོང་ས་མཆོག་ནས་འདི་འདྲའི་འབྲེལ་བ་ལ་མོས་མཐུན་ཡོད་མེད་དང་། ཇི་ལྟར་བྱས་ཏེ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། འབྲེལ་བ་དང་ཤེས་རྟོགས་འདི་ལྟ་བུའི་འགོག་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།
ྋགོང་ས་མཆོག་གི་བཀའ་ལན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་མ་བྱུང་གོང་ནས་ངས་རྒྱ་རིགས་གྲོགས་པོ་ཚོ་ཐུག་རྒྱུའི་འབད་བརྩོན་བྱས་པ་ཡིན། དེ་བཞིན་ཨ་རི་དང་། ཁེ་ཎ་ཌའི་ནང་ཡོད་པའི་བོད་རིགས་ཚོར་ཁྱོད་ཚོས་རྒྱ་རིགས་གྲོགས་པོ་ཚོར་འབྲེལ་བ་བྱེད་དགོས་ཞེས་དེ་ལྟར་འབད་བརྩོན་བྱས་ཡོད། འོན་ཀྱང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་མ་བྱུང་གོང་ང་ཚོའི་ངོས་ནས་ཕར་འབྲེལ་བ་ཇི་ཙམ་བྱས་ཀྱང་ཁོང་ཚོས་ཕྲན་བུ་ཐེ་ཚོམ་བྱེད་ཀྱི་འདུག གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་ང་ཚོའི་བར་གྱི་འབྲེལ་བ་ཧ་ཅང་ཤུགས་ཆེ་རུ་ཕྱིན་སོང། ལྷག་པར་དུ་ ༢༠༠༨ ལོའི་དོན་རྐྱེན་བྱུང་རྗེས་རྒྱ་རིགས་ནང་ནས་ང་ཚོར་དོ་སྣང་བྱེད་མཁན་ཧ་ཅང་ཤུགས་ཆེ་རུ་ཕྱིན་ཡོད། འདས་པའི་ལོ་གཉིས་གསུམ་རིང་ངས་ས་ཆ་འདྲ་མིན་ནང་ཕལ་ཆེར་རྒྱ་རིགས་མཁས་དབང་སུམ་བརྒྱ་ཙམ་ལ་ཐུག་པ་ཡིན། ང་ཚོ་ཕན་ཚུན་ཐུག་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ལ་ཕན་ཐོགས་ཀྱང་ཧ་ཅང་ཆེན་པོ་ཡོད། དཔེར་ན་ང་ཚོ་དང་པོ་ཐུག་སྐབས་ངོ་གདོང་ནག་པོ་སྟོན་མཁན་དེ་ཚོ་ཡང་སྐད་ཆ་ཕར་བཤད་ཚུར་བཤད་གང་ཙམ་བྱས་རྗེས་ཕན་ཚུན་གྱི་བསམ་ཚུལ་གསལ་པོ་ཤེས་སྐབས་གྲོགས་པོ་ཆགས་ཀྱི་འདུག དེ་རིང་འདིར་ང་ཚོ་གཟུགས་པོ་དངོས་སུ་ཐུག་མ་ཐུབ་ཀྱང་དེང་དུས་འཕྲུལ་ཆས་ཀྱིས་ང་ཚོ་ཕན་ཚུན་དྲི་བ་དྲིས་ལན་བྱེད་པ་དེ་རིགས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག གལ་ཆེ་ཤོས་ངོས་ནས་རྒྱ་རིགས་དང་ཕྱི་རྒྱལ་བ་ཚོར་ག་དུས་སྐད་ཆ་བཤད་ཀྱང་རྒྱ་ནག་ནང་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་ཡོད། བོད་པའི་གནས་ཚུལ་ལ་ཆ་མཚོན་ན་ཕྱི་གསལ་ནང་གསལ་བྱས་པ་ཡིན་ན་ང་ཚོའི་བར་གྱི་དཀའ་ངལ་བདེ་བླག་ངང་སེལ་ཐུབ་རྒྱུ་ཡིན། ང་ཚོས་གཉིས་མོས་ཀྱི་ཐབས་ལམ་འཚོལ་གྱི་ཡོད་པ་ལས་རང་རྒྱལ་གཞན་ཕམ་གྱི་གནས་ཚུལ་རྩ་བ་ནས་ཤོད་ཀྱི་མེད་ཅེས་བཀའ་ལན་སྩལ།
ཅཱང་ཐེན་ཡོང་གི་དྲི་བ། ཝིས་ཁིས་གསང་གྲོལ་དྲྭ་གནས་སུ་ཉེ་ཆར་ཨ་རིའི་ཕྱི་སྲིད་གློག་འཕྲིན་ཕྱི་བསྒྲགས་བྱས་པའི་ནང་། ཁྱེད་ཀྱིས་རྒྱ་གར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ལ། བོད་ཀྱི་ཁྱག་རོམ་བཞུ་བཞིན་པ་དང་། ནགས་ཚལ་མེད་པར་འགྲོ་བ། གཏེར་ཁ་སྔོག་འདོན་གྱིས་གཙང་ཆུ་འབག་བཙོག་ཏུ་འགྲོ་བཞིན་པ་སོགས། གནད་དོན་འདི་རིགས་སྒུག་ཐབས་མེད་མོད། ཆབ་སྲིད་ཀྱི་གནད་དོན་ཐོག བོད་མི་རྣམས་ཀྱིས་ད་དུང་ལོ་ལྔ་འམ་བཅུ་ལ་སྒུག་ཆོག་གི་རེད་ཅེས་གསུངས་པ་དེ་བདེན་པ་ཡིན་ནམ། བདེན་ན་ཁྱེད་ཀྱིས་འཐབ་ཇུས་ལ་བཅོས་སྒྲིག་བྱས་པ་ཞིག་མཚོན་གྱི་ཡོད་དམ། དངོས་ཡོད་ཀྱི་དགོངས་ཚུལ་གང་ཡིན་ནམ།
ྋགོང་ས་མཆོག་གི་བཀའ་ལན། ངོས་ནས་གོང་དུ་བཤད་པ་བཞིན་ང་ཚོས་དབུ་མའི་ལམ་ཞེས་གཉིས་སྨན་གྱི་བསམ་བློ་གཏོང་གི་ཡོད། དེ་ལ་འགྱུར་བ་གང་ཡང་མེད། ངོས་རང་སེམས་ཁྲལ་ཆེ་ཤོས་ནི་ཁོར་ཡུག་ཉམས་ཆག་ཕྱིན་པ་ཡིན་ན་དེ་སླར་གསོ་བྱེད་རྒྱུ་ཧ་ཅང་ཁག་པོ་ཡོད། ལྷག་པར་དུ་བོད་ཀྱི་ཁོར་ཡུག་ལ་སྐྱོན་ཆག་བྱུང་བ་ཡིན་ན་གླིང་ཆེན་ཨེ་ཤེ་ཡ་ཡོངས་ལ་འབབ་བཞིན་པའི་གཙང་པོ་མང་པོ་ཞིག་བོད་མཐོ་སྒང་ནས་འབབ་ཀྱི་ཡོད་པར་བརྟེན་མི་བྱེ་བ་མང་པོའི་ཚེ་སྲོག་ལ་ཕན་གནོད་ཀྱི་འབྲེལ་བ་ཆགས་ཡོད་ཅེས་བཀའ་ལན་སྩལ་གྲུབ་བསྟུན།
རྒྱ་ནག་སྐམ་ས་ཆེནཔོའི་གྲོང་ཁྱེར་ཁ་ཤས་ནས་རྒྱ་རིགས་དོ་སྣང་ཅན་ཁག་གཅིག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུས་པའི་བཀའ་ལན།
དྲི་བ་དང་པོ། ཏཱ་ལའི་བླ་མ་མཆོག ང་ཕོད་ངག་དབང་འཇིགས་མེད་ལ་ཁྱེད་ཀྱིས་གཟིགས་ཚུལ་གང་འདྲ་ཡོད་དམ། ཁོང་ནི་ཁྱེད་ཀྱིས་བཏང་པའི་ཀྲུང་དབྱང་དང་གྲོལ་མོལ་གྱི་སྐུ་ཚབ་ཡིན་ལ། ཁོང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ཡོད། ཁྱེད་ཀྱིས་དེ་འདྲའི་དབང་ཆ་གནང་མེད་ན་ཡང་རྗེས་སུ་ཁྱེད་ཀྱིས་ཁས་ལེན་གནང་ཡོད། རྗེས་སུ་ང་ཕོད་ཕལ་ཆེར་ཁྱེད་ཀྱི་ཁ་གཏད་དུ་ལངས་ཏེ་བོད་ཀྱི་གནད་དོན་ཐོག་རྒྱ་དམར་གྱི་མགྲིན་ཚབ་པ་ལྟ་བུར་གྱུར་འདུག
ྋགོང་ས་མཆོག་གི་བཀའ་ལན། ང་ཕོད་ནི་ ༡༩༥༠ ལོའི་གོང་ནས་ངོ་ཤེས་ཀྱི་ཡོད། དེ་སྐབས་རྒྱུས་ཡོད་མཁན་ཚོས་ང་ཕོད་ཅེས་བརྗོད་དུས་མི་དྲང་པོ་དང་། ལྷག་བསམ་རྣམ་དག་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ངོས་ནས་ཀྱང་ང་ཕོད་ནི་གསར་བརྗེའི་བསམ་བློ་ཡོད་མཁན་ཞིག་ཏུ་མཐོང་སྟེ་ངེད་གཉིས་བློ་ཐུབ་ཡིན། དེ་དུས་ངོས་ནས་ཡིད་ཆེས་དང་ཆ་འཇོག་བྱེད་ས་གཙོ་བོ་དེ་ཆགས་ཡོད། གྲོས་མཐུན་བཞག་རྗེས་ལྷ་སར་ཐོག་མར་ཐུག་སྐབས་ང་ཕོད་ཀྱིས་ངོས་ལ་བརྗོད་དོན། གྲོས་མཐུན་དེ་འདྲ་ཞིག་མི་འཇོག་ཐབས་མེད་བྱུང་སོང་། གང་ཡིན་ཟེར་ན་གྲོས་མཐུན་དེ་འདྲ་ཞིག་མ་བཞག་ན་དྲག་པོའི་བཅིངས་བཀྲོལ་ཐོག་འགྲོ་རྒྱུ་ལས་མི་འདུག་དེར་བརྟེན་དྲག་པོའི་བཅིངས་བཀྲོལ་ལས་ཞི་བའི་བཅིངས་བཀྲོལ་དགའ་བ་བསམ་སྟེ་གྲོས་མཐུན་བཞག་པ་ཡིན། འོན་ཀྱང་མཐའ་མའི་དམ་ཕྲུག་རྒྱག་སྐབས་མདོ་སྤྱིའི་དམ་ཕྲུག་ཁྱེར་ཡོད་ཀྱང་ཁོང་ཚོས་མ་གིར་བཟོས་པའི་དམ་ཕྲུག་བརྒྱབ་པ་ཡིན་ཞེས་ང་ཕོད་ཀྱིས་ངོས་ལ་དེ་ལྟར་བཤད་བྱུང། མངོན་གསལ་དོད་ཤོས་ཤིག་ལ་ ༡༩༧༩ ལོར་ཏིང་ཞོའི་ཕིང་གིས་རླབས་ཆེན་གྱི་བསམ་བློ་གུ་ཡངས་ཤིག་བཏང་བ་དང་། ངོས་ནས་ཀྱང་བོད་དུ་ལྟ་སྐོར་ཚོགས་པ་ཞིག་བཏང་བ་ཡིན། དེ་དུས་ལྟ་སྐོར་ཚོགས་པས་ང་ཕོད་ཐུག་པའི་སྐབས་སུ་ང་ཕོད་ཀྱིས་བརྗོད་དོན། དེ་སྔ་ཆིང་རྒྱལ་རབས་སྐབས་ཡིན་ནའང་འདྲ། གོ་མིང་ཏང་གི་སྐབས་སུ་ཡིན་ནའང་འདྲ་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ས་ཁོངས་ནས་ ཁྲལ་འཇལ་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་མེད་པ་དེ་མཁྱེན་དགོས་པ་རེད། ཅེས་ང་ཕོད་ཀྱིས་དེ་ལྟར་བརྗོད་འདུག གང་ལྟར་མི་རིགས་ཀྱི་བསམ་བློ་ཡོད་པའི་རྣམ་འགྱུར་གསལ་པོ་རེད། ༡༩༨༩ ལོར་ལྷ་སར་མི་མང་འཐུས་མིའི་ཚོགས་ཆེན་ཐོག་ང་ཕོད་ཀྱིས་ྋརྒྱལ་བ་རིན་པོ་ཆེ་གསེར་ཁྲི་མངའ་གསོལ་དང་། དེའི་གོང་གི་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་ཐག་གཅོད་བྱེད་ཕྱོགས་ནན་ཅིང་ཀྲེང་ཧྥུ་ (གོ་མིང་ཏང་སྲིད་གཞུང་) ནས་ཐག་གཅོད་བྱས་པ་རེད། ཅེས་པའི་ཡིག་ཆ་ཞིག་ཡོད་པ་དེ་སྐོར་དེ་འདྲ་མ་རེད་ཅེས་དང། ཏཱ་ལའི་བླ་མའི་ཡང་སྲིད་ནི་བོད་ཀྱི་རྒྱལ་ཚབ་ཀྱིས་ཐག་གཅོད་བྱས་པ་དང་། ཆོས་ཕྱོགས་ཀྱི་ལམ་ལུགས་ཀྱི་ཐོག་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་དང། གསེར་ཁྲི་མངའ་གསོལ་སྐབས་མཛད་སྒོའི་གཙོ་སྐྱོང་པ་མེད། དེ་ནི་སྐབས་དེའི་གོ་མིང་ཏང་གི་ལས་ཀ་བྱེད་མཁན་གྱི་བརྫུན་བཟོ་བྱས་པ་ཞིག་རེད། ཅེས་བཤད་པ་ནི་བདེན་པ་རེད། གསེར་ཁྲི་མངའ་གསོལ་སྐབས་ང་ལོ་ཆུང་ཆུང་ཡིན་ཡང་ངས་གསལ་པོ་དྲན་གྱི་འདུག མཛད་སྒོའི་སྐབས་རྒྱ་གར་དབྱིན་གཞུང་སྐུ་ཚབ་དང་། དེའི་རྗེས་སུ་རྒྱ་ནག་གི་སྐུ་ཚབ་དང་། བལ་པོའི་སྐུ་ཚབ། འབྲུག་གི་སྐུ་ཚབ་བཅས་གྲལ་སྟར་གཅིག་ལ་སྡོད་ཀྱི་ཡོད་པ་ངས་གསལ་པོ་དྲན་གྱི་འདུག དེ་འདྲ་ཡིན་དུས་དེ་རིགས་ང་ཕོད་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་བདེན་པའི་གནས་ཚུལ་བཤད་ནས་གསལ་པོ་བཟོས་ཡོད། དེར་བརྟེན་ཐ་མ་ཁོ་རང་གཤེགས་རྗེས་ང་ཚོས་ཁོང་ལ་རྗེས་དྲན་བྱས་པ་ཡིན། འོན་ཀྱང་གྲོགས་པོ་ཁག་གཅིག་གིས་ང་ཕོད་ལ་རྗེས་དྲན་བྱས་པ་མ་འགྲིག་པ་རེད་ཅེས་ཤོད་མཁན་བྱུང། དངོས་ཡོད་ཀྱི་གནས་ཚུལ་ལ་སྐབས་རེ་ཞེད་སྣང་གི་འོག་ནས་སྐད་ཆ་འདྲ་ཆགས་པོ་མ་བཤད་རང་བཤད་ཡོང་གི་ཡོད་པ་དེ་དག་ང་ཚོས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ངོས་རང་ང་ཕོད་ལ་ཡིད་ཆེས་གཙང་མ་ཡོད། ད་ཆ་ཁོང་གྲོངས་ཟིན་ཀྱང་ངས་རྟག་ཏུ་ཁོང་ལ་སྨོན་ལམ་རྒྱག་གི་ཡོད།
དྲི་བ་གཉིས་པ། ཏཱ་ལའི་བླ་མ་མཆོག བཙན་བྱོལ་བོད་མི་ཁ་ཤས་ཀྱི་བྱ་སྤྱོད་ལ་ཁྱེད་ཀྱིས་སྟངས་འཛིན་གནང་ཐབས་བྲལ་བ་ཆགས་ཨེ་ཡོད། དེ་ལྟའི་གནས་ཚུལ་བྱུང་བར་ཁྱེད་ལ་གཟིགས་ཚུལ་གང་ཡོད་དང་། ཇི་ལྟར་གནང་རྒྱུ་ཡིན་ནམ།
ྋགོང་ས་མཆོག་གི་བཀའ་ལན། བོད་མི་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད། བོད་སྤྱིའི་སེམས་ཁུར་བླང་རྒྱུ་དང་ལྷག་བསམ་བཅང་རྒྱུའི་ཐད་ཕལ་ཆེར་བརྒྱ་ཆ་དགུ་བཅུ་གོ་དགུ་བློ་རྩེ་གཅིག་རེད། བསམ་ཚུལ་འདྲ་མིན་ངེས་པར་ཡོང་གི་རེད། དེ་ནི་ཡོང་དགོས་ངེས་ཡིན། གང་ཡིན་ཟེར་ན་ང་ཚོ་འདིར་མང་གཙོའི་ཐོག་འགྲོ་གི་ཡོད། དངོས་གནས་གཏམ་བརྗོད་རང་དབང་དང་། བསམ་བློ་རང་དབང་། ག་རེ་ཡིན་ཡང་བཤད་ཆོག་པ་དང་ཤོད་དགོས་པ་རེད་ཅེས་འབོད་སྐུལ་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་བསམ་ཚུལ་འདྲ་མིན་ཡོང་གི་ཡོད། དཔེར་ན་གཞོན་ནུ་ཚོགས་པར་མཚོན་ན་རང་བཙན་རྩོད་ཀྱི་ཡོད། ང་ཚོའི་དབུ་མའི་ལམ་ལ་ཁོང་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐབས་རེ་ངས་ཁོང་ཚོར་ཐུག་གི་ཡོད་དེ་དུས་ངས་ཁོང་ཚོར་བརྗོད་པར། ཀྲུང་དབྱང་སྲིད་གཞུང་གི་རེ་བ་ལྟར་ན་ཁྱོད་ཚོ་མི་ཁག་གཅིག་ངས་འཛིན་བཟུང་དོ་དམ་བྱེད་དགོས་ཀྱི་ཡོད། འོན་ཀྱང་ང་ཚོ་རང་དབང་ལུང་པའི་ནང་དེ་འདྲ་བྱེད་ཤེས་ཀྱི་མ་རེད་ལ། ངོས་ནས་དེ་འདྲ་ནམ་ཡང་བྱེད་ཀྱི་མ་རེད་ང་ཚོ་གཏམ་བརྗོད་རང་དབང་རེད་ཅེས་བརྗོད་ཀྱི་ཡོད།
དྲི་བ་གསུམ་པ། ངས་སློབ་དཔོན་ཁྱེད་ལ་བཀའ་འདྲི་ཞུ་རྒྱུར། འཚེ་མེད་ཞི་བ་དང་བདེན་པའི་ཨུ་ཚུགས་ (མཉམ་འབྲེལ་མི་བྱེད་པ་) ཀྱི་འཐབ་རྩོད་ཀྱིས་རྒྱ་དམར་ལ་ཁ་གཏད་གཅོག་སྐབས་ཕན་ནུས་ཡོད་དམ། ཡོད་ན་བོད་མི་ལ་འཚེ་མེད་ཞི་བ་དང་བདེན་པའི་ཨུ་ཚུགས་ཀྱིས་དངོས་ཡོད་ཀྱི་ཕན་འབྲས་ཅི་ཞིག་བྱུང་ཡོད་དམ། (ཧྲང་ཧེ་)
ྋགོང་ས་མཆོག་གི་བཀའ་ལན། ངོས་ཀྱིས་བོད་མི་ཚོར་རྟག་ཏུ་དེ་ལྟར་བརྗོད་ཀྱི་ཡོད། ང་ཚོས་མཐའ་གཅིག་ཏུ་འཚེ་བ་མེད་པ་མ་རྩར་བཞག་པའི་དབུ་མའི་ལམ་དུ་བསྐྱོད་པ་འདིས་རྒྱ་ནག་གཞུང་དང་གྲོས་མོལ་བྱས་ཏེ་སྙིང་པོ་རྡོག་རྡོག་ཐོན་པ་ཞིག་བྱུང་མེད་ཀྱང་རྒྱ་རིགས་ཤེས་ཡོན་ཅན་དང་། སློབ་ཕྲུག དངོས་ཡོད་གནས་ཚུལ་ལ་དོ་སྣང་གིས་ཤེས་རྟོགས་ཡོད་མཁན་བཅས་ཀྱི་ནང་ནས་རྒྱབ་སྐྱོར་ཧ་ཅང་ཤུགས་ཆེ་ཐོབ་ཡོད་པ་འདི་ངས་བརྗོད་འདོད་བྱུང་། དེ་ནི་ངའི་གྲུབ་འབྲས་ཀྱང་ཡིན། རྒྱ་ནག་གཞུང་ལ་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཡོད་ཀྱང་། རྒྱ་རིགས་ཤེས་ཡོན་ཅན་དང་མི་མང་ནང་ང་ཚོས་འབྲེལ་བ་རྒྱ་ཆེན་པོ་བྱེད་མ་ཐུབ་པ་མ་གཏོགས་ང་ཚོའི་ལངས་ཕྱོགས་ཀྱི་ཐོག་ལ་རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཐོབ་ཐུབ་རྒྱུ་དང་མུ་མཐུད་གོང་འཕེལ་འགྲོ་ཐུབ་རྒྱུ་ཡིན་པ་ངོས་རང་འདི་འདྲ་དྲན་གྱི་འདུག སྔོན་མ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་གནས་ཚུལ་བྱུང་རྗེས་ངོས་རང་ཨ་རིར་སླེབས་སྐབས་ཤིག་ལ་ཧ་ཝཌ་གཙུག་ལག་སློབ་གྲྭ་ཆེན་མོར་རྒྱ་རིགས་གྲོགས་པོ་འགའ་ཤས་ཐུག་པ་ཡིན། སྐབས་དེར་ང་ཚོའི་ལངས་ཕྱོགས་འགྲེལ་བཤད་བརྒྱབ་རྗེས་ཁོང་ཚོས་བརྗོད་དོན། ྋརྒྱལ་བ་རིན་པོ་ཆེས་བརྗོད་བཞིན་པའི་ལངས་ཕྱོགས་འདི་རྒྱ་ནག་མི་མང་གིས་ཤེས་ཐུབ་པ་ཡིན་ན་རྒྱ་ནག་མི་མང་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་རེད། ཅེས་བརྗོད་བྱུང་།
དྲི་བ་བཞི་པ། ཏཱ་ལའི་བླ་མ་མཆོག བླ་མའི་ཡང་སྲིད་ཀྱང་བཅོས་བསྒྱུར་ཆོག་པའི་སྐོར་ལ་འགྲེལ་བཤད་ཅིག་གནང་རོགས། དེ་ལྟར་བཅོས་བསྒྱུར་བྱས་ན་སངས་རྒྱས་ཀྱི་བཀའ་དང་འགལ་གྱི་ཡོད་དམ། (ཧྲི་ཅཱ་ཀྲོང་)
ྋགོང་ས་མཆོག་གི་བཀའ་ལན། ངོས་ནས་དང་ཐོག་དྲི་བ་འདི་འདོན་མཁན་ཁོང་ལ་སངས་རྒྱས་ཀྱི་བཀའ་བསྟན་འགྱུར་ཕྲན་ བུ་ཀློག་རོགས་ཞེས་བརྗོད་འདོད་བྱུང་། རྒྱ་གར་དུ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་པའི་ལུགས་སྲོལ་བྱུང་མེད། དེ་བཞིན་ཐའེ་ལན་ཌ་དང། འབར་མ། རྒྱ་ནག་སོགས་ནང་པའི་ལུང་པ་མང་པོ་ཞིག་ལ་བླ་མའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་དར་མེད། སྐྱེས་བུ་དམ་འདི་དང་འདིའི་སྐུ་སྐྱེ་རེད་ཅེས་བརྗོད་དེ་ངོས་འཛིན་བྱེད་སྲོལ་ཡོད་པ་ལས། བླ་མའི་ཡང་སྲིད་ངོས་འཛིན་གྱིས་སྤྲུལ་སྐུ་ཟེར་བའི་ལུགས་སྲོལ་དེ་མེད། བོད་དུ་ཐོག་མར་ཕྲུག་གུ་ཆུང་ཆུང་ཞིག་གིས་སྐྱེ་བ་སྔོན་མ་ཧ་ཅང་གསལ་པོ་དྲན་ཏེ་ར་འཕྲོད་གསལ་པོ་བྱུང་བར་བརྟེན་ནས་ཡང་སྲིད་དུ་ངོས་འཛིན་བྱས་པ་རེད། དེ་རྗེས་ག་ལེ་ག་ལེར་ཡང་སྲིད་ངོས་འཛིན་བྱེད་རྒྱུ་དེ་སྤྱི་ཚོགས་ནང་གི་གྲལ་རིམ་ལྟ་བུ་ཆགས་གྲབས་བྱས་པ་རེད། དེར་བརྟེན་ངོས་ནས་ཡོངས་གྲགས་བྱས་ཏེ་སྤྲུལ་སྐུ་དང་བླ་མ་གཉིས་ལ་ཁྱད་པར་ཡོད། བླ་མ་ཡིན་ལ་སྤྲུལ་སྐུ་མ་ཡིན་པ་དང་། སྤྲུལ་སྐུ་ཡིན་ལ་བླ་མ་མ་ཡིན་པ། ཡང་གཉིས་ཀ་ཡིན་པ་བཅས་དེ་འདྲ་ཡང་ཡོད་ཅེས་བཤད་ཡོད། སོ་སོས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་ཚད་ལོངས་པ་ཞིག་ཡོད་པ་དེ་ལ་བླ་མ་ཟེར་གྱི་ཡོད། སྤྲུལ་སྐུ་ནི་དེ་འདྲའི་སློབ་སྦྱོང་གི་ཚད་ལོངས་པ་ཞིག་མེད་ཀྱང་བླ་མ་གོང་མ་ཚོའི་མིང་གི་ཐོག་ནས་སྤྱི་ཚོགས་ནང་གྲལ་རིམ་གྱི་ཐོབ་ཐང་ཡོད་པ་དང་རང་ཉིད་ལ་བླ་མའི་ཡོན་ཏན་གང་ཡང་མ་ཚང་བར་ད་དུང་ཞབས་འདྲེན་ཞུ་མཁན་མང་པོ་ཡོང་གི་ཡོད། དེ་འདྲ་ཡིན་དུས་ངོས་ཀྱིས་ལོ་བཞི་བཅུ་ཙམ་གྱི་གོང་ནས་ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་ཏོག་ཙམ་ཚོད་འཛིན་བྱེད་དགོས་པ་དང་། ཚད་ལོངས་པ་དེ་འདྲ་བྱུང་ན་ལས་གཞན་ཚད་མ་ལོངས་བ་དེ་འདྲ་མང་དྲགས་ན་ཡག་པོ་མི་འདུག་ཅེས་བརྗོད་མྱོང་། ངོས་ནས་སྤྲུལ་སྐུའི་སྐོར་དོ་སྣང་བྱེད་པ་དེ་ནི་བསྟན་པའི་ཞབས་འདེགས་སྒྲུབ་པའི་ཆ་རྐྱེན་ཞིག་ཏུ་བརྩི་གི་ཡོད། ཏཱ་ལའི་བླ་མའི་ཡང་སྲིད་ལ་མཚོན་ན་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་བསྡུ་བྱས་ཏེ་ཆབ་སྲིད་ཀྱི་འགོ་ཁྲིད་བསྐོས་པ་ནས་བཟུང་ལོ་བཞི་བརྒྱ་ལྷག་ཙམ་སོང་བའི་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་ཀྱི་འགན་འཁུར་དུས་ཚོད་རྫོགས་པ་རེད། ང་རང་ལ་ཆ་མཚོན་ན་ ༡༩༦༩ ལོར་ངོས་ནས་གཞུང་འབྲེལ་གྱི་གཏམ་བཤད་བྱེད་སྐབས་ཏཱ་ལའི་བླ་མའི་བླ་བྲང་དགོས་དང་མི་དགོས་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་ཡོངས་བསྒྲགས་གསལ་བཤད་བྱས་ཡོད། མ་འོངས་པར་ཏཱ་ལའི་བླ་མའི་ཡང་སྲིད་དགོས་དང་མི་དགོས་དང་། གལ་སྲིད་དགོས་ན་བྱེད་ཕྱོགས་གང་འདྲ་བྱེད་དགོས་མིན་སོགས་སྔ་ལམ་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར་དངོས་ཡོད་གནས་ཚུལ་ལ་བསམ་བློ་གཏོང་ཆོག་གི་རེད། དེ་ནི་སངས་རྒྱས་ཀྱི་དགོངས་པ་དང་ཡོངས་སུ་མཐུན་པ་ལས་དགོངས་པ་དང་མི་མཐུན་པ་མེད། ངོས་ནས་སྤྱིར་བླ་མའི་ཡང་སྲིད་དང་། ཡང་སྒོས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཡོང་སྲིད་པ་དེ་འདྲའི་འགྲེལ་བཤད་བྱེད་སྐབས་ཕལ་ཆེར་ཆོས་ལུགས་དང་འགལ་གྱི་ཡོད་པ་ལྟ་བུ་བོད་ནང་ཡོད་པའི་བོད་མི་འགའ་རེས་ཤོད་ཀྱི་འདུག ཉེ་ཆར་རྒྱ་རིགས་གྲོགས་པོ་འགའ་ཐུག་སྐབས་ཁོང་ཚོས་ཀྱང་འདི་སྐོར་སྐད་ཆ་དྲིས་བྱུང་བས་ངོས་ནས་ནང་ཆོས་སྐོར་ཁྱོད་ཚོ་ལས་ངས་ཡག་པ་ཤེས་ཀྱི་ཡོད་ཅེས་བཤད་ཡོད།
དྲི་བ་ལྔ་པ། ད་ལྟ་རྒྱ་ནག་ཏུ་ཁྱེད་ཀྱི་ཐོག་ལ་ཁོང་ཁྲོ་དང་ཐ་ན་འཁོན་སེམས་གཏིང་ཟབ་ཡོད་པའི་མི་མང་པོ་ཞིག་ཡོད། དེ་དག་ལ་ཁྱེད་ཀྱིས་གང་ཞིག་གསུང་རྒྱུ་ཡོད་དམ།
ྋགོང་ས་མཆོག་གི་བཀའ་ལན། བར་སྐབས་ཤིག་ནས་ཏཱ་ལའི་བླ་མ་བདུད་རེད་ཅེས་ཟེར་གྱི་ཡོད་འདུག ཏཱ་ལའི་བླ་མ་བདུད་རེད་ཟེར་བ་དེ་ལ་ཁྱེད་རང་དགོངས་འཆར་གང་ཡོད་ཅེས་ང་ལ་སྐད་ཆ་འདྲི་མཁན་བྱུང་། ངོས་ནས་ཁོང་ཚོར་རྩེད་མོ་དང་སྦྲགས་ང་བདུད་ཡིན་ངའི་མགོ་ལ་རྭ་ཅོ་ཡོད་ཅེས་ཟེར་གྱི་ཡོད། ཁོང་ཚོར་ཁག་མེད། ཁོང་ཚོས་ཕྱོགས་གཅིག་གི་གནས་ཚུལ་སྒྲོ་བཏགས་པ་དེ་ལས་གཞན་ཤེས་ཀྱི་མེད། དཔེར་ན་ཨོ་ལོམ་པིཀ་རྩེད་འགྲན་གྱི་དཔལ་འབར་སྐོར་སྐྱོད་སྐབས་ངས་ཆེད་མངགས་འབྲེལ་ཡོད་ཚོར་འབོད་སྐུལ་བྱས་ཏེ། ཨོ་ལོམ་པིག་རྩེད་འགྲན་ནི་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱིས་སྤོབས་པ་བྱེད་པ་ཞིག་ཡིན་པས། དེ་ལ་ང་ཚོས་རྙོག་དྲ་བཟོ་བ་སོགས་རྩ་བ་ནས་བྱེད་མི་རུང་ཞེས་བརྗོད་ཡོད། ཐ་ན་ལོ་ཤས་གོང་ངོས་རང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཡོད་སྐབས་ཤིག་ཏུ་གསར་འགོད་པ་ཁག་གཅིག་གིས་ང་ལ་ཨོ་ལོམ་པིཀ་རྩེད་འགྲན་རྒྱལ་ཁབ་གང་ཞིག་དུ་ཚུགས་ན་དགའ་མིན་གོ་བསྡུར་བྱེད་ཀྱི་ཡོད། འགའ་ཤས་ཀྱིས་རྒྱ་ནག་ཡག་པོ་ཡོད་སྐོར་བརྗོད་མཁན་འདུག་པས་ཁྱེད་ལ་དགོངས་ཚུལ་གང་ཡོད་ཅེས་ཟེར་གྱི་འདུག སྐབས་དེར་ངོས་ནས་རྒྱ་ནག་ནི་མི་འབོར་མང་ཤོས་དང་། ལོ་རྒྱུས་དང་རིག་གཞུང་ཕྱུག་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། དེ་ལ་འོས་པ་རེད་ཅེས་བརྗོད་པ་ཡིན། དེ་ནི་དངོས་ཡོད་གནས་ཚུལ་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་ང་ཚོས་ཨོ་ལོམ་པིཀ་རྩེད་འགྲན་ལ་འགོག་རྐྱེན་བཟོ་གི་འདུག་ཅེས་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད། དེའི་དབང་གིས་ཁོང་ཚོས་གནས་ཚུལ་ཆ་ཚང་ཤེས་ཀྱི་མེད་པ་དེ་ནི་ཁོང་ཚོར་ཁག་མེད་པ་རེད། ཚུར་ཕྱོགས་འཛམ་གླིང་གི་ས་ཕྱོགས་གང་སར་ང་ལ་དགའ་པོ་བྱེད་མཁན་གྱི་མི་ཧ་ཅང་མང་པོ་ཡོད། དེར་བརྟེན་ངས་ཁྱེད་རང་ཚོར་ཕྱོགས་ཚང་མའི་གནས་ཚུལ་ལ་རྟོགས་ཞིབ་ཡག་པོ་དང་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རོགས་ཞེས་བརྗོད་འདོད་བྱུང་། ངོས་ནས་རྒྱ་རིགས་སློབ་ཕྲུག་ཚོ་ཐུག་སྐབས་ཀྱང་ཁྱེད་ཚོས་རང་དབང་ལུང་པའི་ནང་མིག་གཉིས་ཀ་དང་། རྣ་བ་གཉིས་ཀ་བེད་སྤྱོད་བྱེད་དགོས་ཅེས་བརྗོད་ཀྱི་ཡོད།
དྲི་བ་དྲུག་པ། ང་ཚོས་ཤེས་གསལ་ལ། ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་དང་ཁྲི་འདོན་མཛད་སྒོའི་ཐོག་ཀྲུང་ཧྭ་མི་སེར་ རྒྱལ་ཁབ་ཀྱི་ཀྲུང་དབྱང་མཉམ་ཞུགས་བྱས་ཡོད། དེས་ན་༸གོང་ས་མཆོག་ཁྱེད་ཀྱིས་ད་ལྟ་ཐེ་ཝན་ལ་ཡོད་པའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ངོས་འཛིན་གནང་གི་ཡོད་དམ། ཐེ་ཝན་གཞུང་གིས་ཡང་སྲིད་ངོས་འཛིན་གྱི་ལམ་ལུགས་ནང་བསྐྱར་དུ་ནུས་པ་གང་འཚམས་འདོན་ཐུབ་པར་དགོངས་ཀྱི་ཡོད་དམ། (ཧུའུ་ནན་)
ྋགོང་ས་མཆོག་གི་བཀའ་ལན། ངས་གོང་དུ་ང་ཕོད་ཀྱི་ལོ་རྒྱུས་བཤད་པ་ལྟར་རེད། སྤྱི་ཡོངས་ཀྱི་ཆ་ནས་ང་ཐེ་ཝན་ལ་ཡོད་སྐབས་ངོས་ཀྱིས་རྒྱ་ནག་གཅིག་ཟེར་བ་དེ་ལ་རྒྱབ་སྐྱོར་བྱས་ཡོད། གང་ལྟར་མ་འོངས་པར་རྒྱ་ནག་སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ཆིག་སྒྲིལ་བྱེད་རྒྱུ་ཕྱོགས་ཁག་གཉིས་ཀྱི་མི་མང་གིས་ཐག་གཅོད་བྱེད་དགོས་པ་ཞིག་རེད། ག་རེ་གལ་ཆེ་བ་འདུག་ཅེས་བརྗོད་ན་ཐེ་ཝན་ནང་མང་གཙོ་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་ཡག་པོ་ཡོད་པ། དེ་བཞིན་ཤེས་ཡོན་གྱི་གནས་ཚད་ཀྱང་ཡག་པོ་ཡོད་པ་དེ་དག་ངེས་པར་དུ་སྲུང་སྐྱོབ་ཡག་པོ་བྱེད་དགོས། ཞེས་ངོས་ནས་དེ་ལྟར་བརྗོད་ཀྱི་ཡོད།
ཝང་ལི་ཞུང་། ང་ཚོས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་ཡང་། ཏཱ་ལའི་བླ་མ་མཆོག་གིས་གསུངས་པ་ལྟར་ཕན་ཚུན་ལུས་ཀྱི་དྲི་མ་སྣོམ་རྒྱུ་མེད་ནའང་། དུས་རབས་ཉེར་གཅིག་པའི་ནང་དྲྭ་ལམ་བརྒྱུད་ནས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་བཀའ་མོལ་ཞུ་ཐུབ་པ་བྱུང་བ་འདི་ཧ་ཅང་རྩ་བ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་བཀའ་མོལ་གྱི་ལས་རིམ་དེ་རིགས་ཀྱིས་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་དང་། ཕན་ཚུན་ཤེས་རྟོགས་ལ་ཕན་འབྲས་འདུག་དགོངས་ཀྱི་ཡོད་ན་མ་འོངས་པར་རྒྱ་རིགས་ཀྱི་ཤེས་ཡོན་ཅན་དང་། གནད་ཡོད་མི་སྣ་མང་པོ་ཞིག་དང་མཉམ་དུ་བཀའ་མོལ་གནང་ཐུབ་པ་ཡོང་གི་རེད་བསམ་གྱི་འདུག་ལ་དེ་ལྟར་རེ་བ་ཡང་བྱེད་ཀྱི་ཡོད། བཀྲ་ཤིས་བདེ་ལེགས།
ྋགོང་ས་མཆོག ཧ་ཅང་ཡག་པོ་འདུག ཁྱེད་ཚོར་སྟབས་བདེ་པོ་ཡོད་ན་ངོས་ནས་ག་དུས་ཡིན་ཡང་རྒྱ་རིགས་གྲོགས་པོ་ཚོ་དང་ མཉམ་དུ་འཕྲུལ་ཆས་ཀྱི་ལམ་ནས་ཕན་ཚུན་དོགས་གཅོད་དང་། དྲི་བ་དྲིས་ལན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད། ངོས་ནས་རྟག་ཏུ་ཧན་ཙང་ཏཱ་ཐོན་ཇའེ་ ༼རྒྱ་བོད་མི་རིགས་མཐུན་སྒྲིལ་༽ཞེས་བརྗོད་ཀྱི་ཡོད། ང་ཚོ་དེ་ལྟར་ཡང་ཡང་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་ན་ཕན་ཚུན་དོན་དམ་གྱི་ཡིད་ཆེས་སླེབས་རྒྱུ་དང་། ཕན་ཚུན་གནས་ཚུལ་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་ཡིན། ཐག་རིང་པོ་བྱས་ཏེ་བསྡད་ན་ང་ཚོ་ཕན་ཚུན་བར་ཡིད་ཆེས་སླེབས་མི་ཐུབ། ང་ཚོ་ཕན་ཚུན་བར་གྱི་གནས་ཚུལ་ཇི་ཙམ་གསལ་པོ་ཤོད་རེས་བྱས་པ་དེ་ཙམ་གྱི་ཕན་ཚུན་བར་ཡིད་ཆེས་ཡོང་རྒྱུ་དང་། ཡིད་ཆེས་བྱུང་བ་ཡིན་ན་མཐུན་སྒྲིལ་ཡོང་རྒྱུ། མཐུན་སྒྲིལ་བྱུང་ན་དཀའ་ངལ་གང་ཞིག་ཡིན་ཀྱང་སེལ་ཐུབ་པ་ཡོང་རྒྱུ་ཡིན།
ཁྱེད་ཚོས་ངའི་གདོང་པ་གསལ་པོ་མཐོང་གི་འདུག་གམ། ངའི་མིག་གི་རྫི་མ་དཀར་པོ་ཡིན་པ་མཐོང་གི་འདུག་གམ། ཡ་ཡ་རྗེས་སུ་མཇལ་ཡོང་། བཀྲིས་བདེ་ལེགས། ཐུགས་རྗེ་ཆེ་ཞེས་བཀའ་ལན་སྩལ་ཡོད་པ་བཅས།།