༢༠༡༡ ཟླ་ ༡ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ ཉིན་རྡ་སའི་ཉེ་འགྲམ་རྒྱུད་སྟོད་དགོན་དུ་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་བཀའ་བློན་ཁྲི་ཚབ་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་དང་། རྒྱལ་བ་ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་ཕྱག་མཛོད་ཀརྨ་ཅུང་རྒྱལ་པ་ལགས། རྒྱ་གར་ཁྲིམས་རྩོད་པ་ Naresh Mathur ལགས་དང་། ཀརྨ་པ་རིན་པོ་ཆེའི་བླ་བྲང་གི་འབྲེལ་མཐུད་པ་མགོན་པོ་ཚེ་རིང་ལགས་དང་་བླ་བྲང་གི་སྐྱེ་སྤྲུལ་ངོས་འཛིན་ལག་བསྟར་བ་སྐྱོ་བྲག་དགའ་དབང་ལགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག་མགོན་པོ་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་དང་འབྲེལ་བའི་ངོ་སྤྲོད་གནང་གྲུབ་མཚམས་སྐྱོ་བྲག་དགའ་དབང་ལགས་ཀྱིས་གསུང་དོན།
རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་བོད་ནས་ཆིབས་སྒྱུར་གནང་དགོས་དོན་རབས་དང་རིམ་པ་ཡོད་པའི་ནང་ནས་གཙོ་བོ་ནི། ཁོང་བོད་ལ་བཞུགས་པ་ཡིན་ན་རྒྱ་མིས་བེད་སྤྱོད་གཏོང་རྒྱུ་ཡིན་པ་དངོས་ཡོད་གནས་ཚུལ་རེད། གལ་ཏེ་དེ་ལྟར་བེད་སྤྱོད་བཏང་ན་བོད་པའི་རྩ་དོན་དང་རྒྱབ་འགལ་འགྲོ་རྒྱུ་ཡིན་པར་བརྟེན་འདི་གར་ཆིབས་སྒྱུར་གནང་བ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རྒྱུའི་ལས་འགུལ་རབ་དང་རིམ་པ་སྤེལ་དགོས་རྒྱུ་དེ་དངོས་ཡོད་གནས་ཚུལ་ཡིན།
དེར་བརྟེན་རྒྱལ་བ་ཀརྨ་པ་མཆོག་གིས་ཁོང་རང་བོད་མི་རིགས་ལ་སྐྱེས་ནས་ལས་ཀ་དེ་འདྲ་ཞིག་གནང་བ་ལས། རང་ཉིད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་སྟེ་སྐྱབས་བཅོལ་དུ་ཆིབས་སྒྱུར་གནང་བ་ཞིག་ཡིན། དེ་ནས་རྒྱལ་བ་ཀརྨ་པའི་མཚན་སྙན་ས་ཕྱོགས་གང་སར་གྲགས་པ་དེ་ཐོབ་གོ་ས་དང་། དཔལ་འབྱོར། མཚན་སྙན་གྲགས་མིན་པར་སྤྱིར་བཏང་ཆོས་ཕྱོགས་དང་ཡང་སྒོས་སྒྲུབ་རྒྱུད་ཀརྨ་ཀམ་ཚང་གི་དབང་ལུང་རྒྱུད་པ་དེ་མ་ཉམས་པའི་ཐོག་ཉམས་བཞེས་གནང་སྟེ།
འཛིན་སྐྱོང་སྤེལ་གསུམ་གནང་རྒྱུར་རྒྱལ་བ་ཀརྨ་པ་ཟེར་བའི་མཚན་སྙན་དང་འགྲོ་དོན་འཕྲིན་ལས་ཀྱི་ལས་འགན་དེ་ཆགས་ཡོད། དེའི་བཞེད་སྲོལ་གཙོ་བོ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་ཞུ་རྒྱུའི་ཆེད་འདི་ན་བཞུགས་རྒྱུ་མ་གཏོགས་གཞན་ལ་ཕེབས་རྒྱུའི་དགོངས་པ་གཉིས་པ་ཞིག་མེད་པར་སོང་འདི་གར་ཆིབས་སྒྱུར་གནང་ཡོད། སྔོན་མ་གསར་འགོད་པ་ཞིག་གིས་ཁྱེད་རང་གདན་ས་རུམ་བཏེག་སོགས་དགོན་པ་དང་དེ་མིན་དགོན་པ་གཞན་ལ་མ་ཕེབས་པར་རྡ་སར་ཐད་ཀར་ཕེབས་དགོས་དོན་གང་ཡིན་བཀའ་དྲི་གནང་བའི་བཀའ་ལན་དུ། ང་བོད་མི་རིགས་ལ་སྐྱེས་པའི་མི་ཞིག་ཡིན་པ་དང་དེའི་ལྷ་སྐལ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆགས་ཡོད།
མགོན་པོ་གང་ཉིད་མཆོག་བཞུགས་གནས་རྡ་སར་ཆགས་ཡོད་པར་བརྟེན། ང་འདིར་མ་ཡོང་ན་གང་དུ་འགྲོ་དགོས་སམ། ཞེས་སྔོན་མ་ནས་བཀའ་ལན་གནང་ཡོད། དངོས་ཡོད་གནས་ཚུལ་གྱི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ཚུར་ཆིབས་སྒྱུར་གནང་བ་ཞིག་ཡིན།
དཔལ་འབྱོར་ཡོངས་ཁུངས་ཐད་རྒྱ་གར་ལ་སོ་སོའི་རྒྱལ་ཁབ་ཙམ་མ་གཏོགས་རྒྱལ་ཁབ་གཞན་གྱི་དངུལ་ཞེ་དྲག་མཐོང་མྱོང་མེད་དུས་ཏོག་ཙམ་མང་པོ་ཆགས་ཀྱི་ཡོད་འགྲོ། བོད་པའི་ནང་ཆོས་དེ་འཛམ་བུ་གླིང་ལ་ཁྱབ་ཡོད་པ་དེའི་ཆ་ནས་བསམ་བློ་བཏང་ན། དངུལ་ནི་ག་རེ་ཡིན་ནའང་ཡོང་ཆོག་པ་ཞིག་རེད། ལྷག་པར་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་སྦྱིན་པ་བཏང་ཟེར་བ་དེ་རྩ་བའི་ལས་ཀའི་སྒྲུབ་བྱ་ཆགས་ཡོད།
ལྷ་བླ་མ་མཇལ་མཁན་ནང་ནས་རྒྱུ་ནོར་ཡོད་མཁན་ཚོས་བླ་མར་འབུལ་བ་ཚད་ཚོད་མེད་པ་དེ་འདྲའང་འབུལ་མཁན་ཡོད། མེད་མཁན་ཚོ་ཡིན་ནའང་ལག་པ་སྟོང་པར་ཡོང་མཁན་ཧ་ཅང་དཀོན་པོ་རེད། དེར་བརྟེན་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ན་རིམ་བཅུ་བདུན་བར་ཕེབས་པ་དེའི་མཛད་པ་འཕྲིན་ལས་དང་མཚན་སྙན་ཁྱབ་པའི་རྒྱུ་མཚན་ལ་བརྟེན།
འཛམ་གླིང་ས་ཕྱོགས་གང་ས་གང་ནས་དད་ལྡན་མི་མང་དུ་མ་ཞིག་མཇལ་མཁན་ཡོད་ཅེས་ཁ་ནས་ཤོད་ཙམ་མིན་པར། ཉིན་རེ་བཞིན་ག་ཚོད་སླེབས་ཀྱི་ཡོད་སྐོར་རྒྱ་གར་གཞུང་དང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཐོ་འགོད་གནང་བཞིན་ཡོད།
མཇལ་ཞུ་ཚོས་ཨམ་ཕྲག་ནང་ག་རེ་ཡོད་པ་དེ་འབུལ་གྱི་ཡོད་པ་རེད་མ་གཏོགས་ང་ཚོས་འདི་འབུལ་ཆོག་དང་འདི་ཕུལ་མི་ཆོག་ཟེར་རྒྱུ་གང་ཡང་མེད། དེར་བརྟེན་དངུལ་རིགས་མི་འདྲ་བ་དེ་དག་ཡོང་ངེས་པ་ཡིན།
དེའི་ནང་ནས་རྒྱ་ནག་གི་དངུལ་ལ་བསམ་བློ་བཏང་ན་རྒྱལ་བ་ཀརྨ་པའི་སྐུ་ཕྲེང་ན་རིམ་ནས་ད་ལྟ་བར་ལོ་དགུ་བརྒྱ་འགྲོ་གི་ཡོད། དེའི་རིང་གི་མཛད་པ་འཕྲིིན་ལས་སྐྱོང་ས་གཙོ་བོ་བོད་གངས་ཅན་ལྗོངས་ཆགས་ཡོད། དེ་འདྲའི་ལོ་དགུ་བརྒྱ་ཙམ་གྱི་དད་པ་དམ་ཚིག་གི་འབྲེལ་བ་ཡོད་མཁན་མི་བརྒྱ་ཆ་མང་ཆེ་བ་བོད་ལ་ཡོད་པ་དེ་ཚོས་སྲོག་ཚུན་ཆད་བློས་བཏང་སྟེ་༸གོང་ས་མཆོག་གིས་དབུས་བོད་ཀྱི་བླ་ཆེན་རྣམས་མཇལ་ཁར་ཕེབས་ཀྱི་ཡོད།
ཁོང་ཚོས་བེད་སྤྱོད་གཏོང་རྒྱུ་དང་ལག་པའི་ནང་ཡོད་པ་དེ་དག་རྒྱ་ནག་གི་དངུལ་ཡིན་དུས་འདིར་ཕུལ་བའི་རྒྱ་ནག་དངུལ་དེ་དག་་སླེབས་ཡོང་བ་ཞིག་རེད། ཕྱོགས་གཞན་ཞིག་ནས་རྒྱ་རིགས་ནི་རྒྱ་ནག་སྐམ་ས་དང་འཛམ་གླིང་ས་ཕྱོགས་གང་སར་ཡོད། ང་ཚོས་ཤེས་གསལ་རེད། ཨ་རིའི་གྲོང་ཁྱེར་ཁ་ཤས་ནང་སླེབས་སྐབས། རྒྱ་ནག་ལ་སླེབས་པ་ལྟ་བུ་ལས་ཨ་རིར་སླེབས་པའི་ཚོར་སྣང་མི་འདུག དེ་ལྟར་ཁྱབ་བསྡད་པའི་རྒྱ་རིགས་དད་ལྡན་པ་ཡོང་མཁན་ཧ་ཅང་མང་པོ་ཡིན། སིང་གྷ་པུར་དང་། མཱ་ལི་ཤི་ཡཱ། ཐེ་ཝན། ཧོང་ཀོང་། རྒྱ་ནག་ནང་ཁུལ་ཡིན་ནའང་འདྲ། ཁོང་རང་ཚོ་སྟབས་བདེ་བྱུང་ན་འདི་གར་དགའ་ཞེན་ཐོག་ནས་ཡོང་སྟེ་བླ་མར་འབུལ་བ་སྤྱིར་བཏང་ཚང་མས་འབུལ་གྱི་ཡོད། ལྷག་པར་རྒྱ་རིགས་དེ་དག་གིས་སྒྲུབ་བྱ་གཙོ་བོ་དེ་ལྷ་དང་བླ་མར་འབུལ་བ་འབུལ་རྒྱུ་དེ་ཁོང་ཚོའི་ལམ་དང་ལུགས་སྲོལ་ལྟ་བུ་རེད། དེར་བརྟེན་དངུལ་དེ་དག་གནས་སྟངས་དེ་ལྟ་བུའི་ཐོག་ནས་བྱུང་བ་ཞིག་ཡིན། དེ་བཞིན་དངུལ་གཞན་རྣམས་ཀྱང་ཡོང་ཁུངས་གཅིག་མཚུངས་ཡིན་པ་རེད། གང་ལ་ཞེ་ན།
འཛམ་གླིང་ས་ཕྱོགས་ཚང་མ་ནས་མི་མང་མང་དག་ཅིག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁར་ཡོང་གི་ཡོད། དེར་བརྟེན་ང་ཚོར་དངུལ་བྱུང་སྟངས་ནི་དེ་ལྟར་རེད།
གཉིས་པ། དངུལ་ཏོག་ཙམ་ཞིག་ང་ཚོས་ཉར་བའི་གནས་ཚུལ་དེ་ལྟ་བུ་ཆགས་ཡོད། དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་ཡང་ཕྱོགས་གཅིག་ནས། འདི་གར་ལས་ཀ་བྱེད་ནང་མཁན་མི་སྐྱ་ཡོད་ཀྱང་ལག་ལེན་བསྟར་མཁན་མང་ཆེ་བ་བླ་བྲང་གི་གྲྭ་པ་རེད། གྲྭ་པ་ཚོར་དང་པོ་ནས་ཆོས་ཕྱོགས་སྐོར་གྱི་སློབ་སྦྱོང་སྤྲད་ཡོད་པ་མ་གཏོགས་འཇིག་རྟེན་གྱི་འཛིན་སྐྱོང་སྐོར་ང་རང་ལྟ་བུར་མཚོན་ན་ཉིན་མ་གཅིག་གི་སློབ་སྦྱོང་བྱེད་མྱོང་མེད། ང་ཚོས་ལྷ་མ་བླ་མར་ཞབས་ཕྱི་ཞུ་རྒྱུ་ནི་འདི་ཕྱི་གཉིས་ཀྱི་བསྟན་དོན་ཡིན་སྟབས། ལྷག་བསམ་རྣམ་དག་གིས་བྱེད་རྒྱུ་དེ་ང་ཚོའི་ནུས་པ་གཙོ་བོ་ཡིན། དེར་བརྟེན་ང་ཚོས་གནས་ཚུལ་ཁྲིམས་དང་མཐུན་དང་མི་མཐུན་ཞིབ་ཕྲ་ཡག་པོ་ཤེས་ཀྱི་མེད། ཕྱོགས་གཅིག་ནས་ཕྱི་ལོ་ ༢༠༠༡། ༢༠༠༢ རིང་ཕྱག་མཛོད་དྲུང་ཡིག་བསྟན་འཛིན་ལགས་ཀྱི་གནས་སྐབས་ནས། རྒྱ་གར་གཞུང་ལ་ང་ཚོར་ཕྱི་རྒྱལ་གྱི་དངུལ་ཡོད། དེ་དག་བརྗེ་བསྒྱུར་ཆོག་པ་དང་དངུལ་ཁང་ནང་བཞག་ཆོག་པའི་ཆོག་མཆན་ཞིག་རྒྱ་གར་གཞུང་ནས་སྤྲོད་རོགས་ཞེས་སྙན་ཞུ་རབས་དང་རིམ་པ་ཕུལ་བའི་ཡིག་ཆ་ད་ལྟ་དངོས་སུ་ཡོད། དེ་མིན་དབྱངས་ཅན་མའི་དགེ་ཚོགས་སོགས་མང་པོ་ཞིག་གི་ཆེད་སྙན་ཞུ་རབས་དང་རིམ་པ་ཕུལ་ཡང་ང་ཚོས་བསམ་པ་ལྟར་གྲུབ་འབྲས་སོན་མེད། ང་ཚོས་མི་ལ་འབུལ་མི་ཆོག་ཅེས་བརྗོད་ཐུབ་ཐབས་བྲལ། ང་ཚོས་ཁྲིམས་མཐུན་ཆེད་ཞུས་ཀྱང་གྲུབ་འབྲས་སོན་མེད། དེར་བརྟེན་ང་ཚོས་དངུལ་མ་ཉར་ན་གང་དུ་འཁྱེར་འགྲོ་དགོས་ཀྱི་རེད་དམ།
ཐེངས་འདིའི་གནས་ཚུལ་བྱུང་ས་དེ་རབས་རྒྱས་ཆོས་བཟང་རེད། ཁོང་ནི་ལྷག་བསམ་རྣམ་དག་གི་མི་ཞིག་ཡིན་པར་བརྟེན་དངུལ་གཉེར་ལ་བཞག་པ་རེད། ཁོང་རང་གི་སྡོད་ས་ཡིན་ཡང་རྒྱུད་སྟོད་ཀྱི་བཀའ་དྲིན་ལ་བརྟེན་ཕྱིར་སྡོད་མི་དགོས་པ་ཙམ་ཞིག་བྱུང་ཡོད། ཁོང་གི་ཁང་པའི་ནང་དངུལ་ཉར་ནས་བསྡད་པ་རེད། ཕྱོགས་གཅིག་ནས་ང་ཚོས་ཡག་པོ་མ་ཤེས་པ་དང་ཕྱོགས་གཉིས་ནས་ལས་ཀ་འགོ་འཛུགས་བྱས་པ་ལྟར་གྲུབ་འབྲས་མ་སོན་སྟབས། དངུལ་དེ་དག་མ་ཉར་རང་ཉར་ཆགས་སོང་ཞེས་འགྲེལ་བརྗོད་གནང་ཡོད།
ཡང་ཀརྨ་པ་བླ་བྲང་གི་སྤྱི་ཁྱབ་འབྲེལ་མཐུད་པ་མགོན་པོ་ཚེ་རིང་ལགས་ཀྱིས་གསུང་དོན།
སྤྱིར་བཏང་ང་ཚོས་དངུལ་བསྡུ་རུབ་རྒྱག་རྒྱུ་དེ་ལོ་བཅུ་ཕྲག་ཅིག་གི་ནང་ལ་རེད། དམིགས་ཡུལ་ནི་རིང་མིན་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཕོ་བྲང་ཞིག་བརྒྱབ་ཐུབ་ན་སྙམ་སྟེ་དངུལ་དེ་འདྲ་ཞིག་བསྡུ་རུབ་ཐུབ་ཙམ་བྱུང་བ་རེད། བསྐྱལ་ས་མེད་པར་བརྟེན་དེ་ལྟར་ལྷག་པ་གོང་དུ་གསལ་པོ་གསུངས་སོང། དེ་བཞིན་རྒྱུད་སྟོད་ཀྱིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ང་ཚོ་འདི་གར་མ་འགྲིག་པ་གཅིག་ཀྱང་མེད། འོན་ཀྱང་ངས་རྣམ་པ་ཚོར་གསལ་བཤད་ཅིག་ཞུ་རྒྱུར། གསར་འགོད་པ་ཚོས་རབ་རྒྱས་ཆོས་བཟང་གི་གྲྭ་ཤག་ཅེས་བརྗོད་ཀྱི་འདུག་ཀྱང་ཁོང་ལ་མི་གཅིག་ཁོ་ནར་གྲྭ་ཤག་ཅིག་མེད། གྲྭ་པ་གསུམ་བཞི་མཉམ་དུ་སྡོད་སའི་ཉལ་ཁང་ཞིག་ཡོད། དེའི་ནང་དངུལ་དེ་དག་བཞག་ཡོད་པ་མ་གཏོགས་སྦས་ནས་བཞག་པ་ཞིག་རྩ་བ་ནས་མིན། གཙོ་བོ་དངུལ་དེ་ང་ཚོས་རིང་མིན་ས་ཆ་བལྟས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཉེ་འཁྲིས་སུ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་སྐུ་བཞུགས་གནང་འདོད་ཡོད་པ་ལྟར་ཕོ་བྲང་ཞིག་རྒྱག་ཆེད་ཡིན། ཕལ་ཆེར་ཕྱི་ལོ་ ༢༠༠༢ ནས་ཀང་ར་རྫོང་ནས་བཀའ་གནང་བ་ལྟར་ཐག་རིང་མིན་པར་༸གོང་ས་མཆོག་གི་ཕོ་བྲང་གི་ཉེ་འདབས་སུ་ཡིན་ཞེས་བཀའ་གནང་ཡོད། སྐབས་དེ་དུས་ང་ཡོད། ཕྱག་མཛོད་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་སྐབས་ནས་རེད། དེར་བརྟེན་ད་ལྟ་ང་ཚོས་འབད་བརྩོན་བྱེད་མུས་ཡིན། ཞེས་འགྲེལ་བརྗོད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས།།