༢༠༡༡ ཟླ་ ༡ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་གཞུང་ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། བྱང་ཨ་རིའི་ནང་ཡོད་པའི་བོད་རིགས་ལོ་ཆུང་རྣམས་ཀྱིས་རང་སྐད་མ་བརྗེད་པའི་ཆེད་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གཅིག་ནས་རང་རང་སོ་སོའི་ས་གནས་སུ་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་བཙུགས་ཡོད་པ་དེས་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད། བོད་གཞུང་སྐུ་ཚབ་དོན་གཅོད་ཁང་ནས་རེས་གཟའ་ཉི་མའི་འཛིན་གྲྭ་འཛུགས་ཐབས་དགོས་པའི་འབོད་སྐུལ་ཡང་ཡང་གནང་དང་གནང་མུས་ཡིན་པ་ལྟར། ཝར་མོན་ཀྲེ་(Vermont)ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་ཡུན་རིང་འབད་བརྩོན་གནང་བ་ལ་བརྟེན་ནས་ད་ཆ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཟུང་འབྲེལ་གྱི་ཐོག་ས་གནས་སུ་རེ་གཟའ་ཉི་མའི་འཛིན་གྲྭ་ཚུགས་རྒྱུ་གཏན་འཁེལ་བྱུང་ཡོད། འཛིན་གྲྭ་དེ་ཕྱི་ཟླ་ ༡ ཚེས་ ༩ ཉིན་རེས་གཟའ་ཉི་མ་ནས་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། ད་ལྟ་འཛིན་གྲྭ་དེར་བོད་རིགས་ཕྲུ་གུ་ ༡༣ དང་། དང་བླངས་དགེ་རྒན་གཉིས་ཡོད་ཅིང་། འཛིན་གྲྭར་ལྟ་རྟོག་དང་། འཛིན་སྐྱོང་ལས་དོན་འགན་ཁུར་བྱེད་མཁན་ནི་ཝར་མོན་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ཡིན་པ་རེད། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྟ་མགྲིན་ལགས་ནས་འགྲེལ་བརྗོད་གནང་བར་གཞིགས་ན། སྔ་འཕྲོས་རིང་རེས་གཟའ་ཉི་མའི་འཛིན་གྲྭ་དེ་རྒྱུན་ལས་ཟུར་པ་ཨ་ནག་ཚང་རྡོ་རྗེ་རྣམ་རྒྱལ་གྱི་སྒེར་ཁང་འོག་ཤོད་དུ་ཚུགས་རྒྱུ་ཡིན་པ་དང་། དེ་ནས་རིམ་བཞིན་ས་ཆ་གཞན་ལ་སྤོ་རྒྱུའི་འཆར་གཞི་འདུག་ལ། འཛིན་སྐྱོང་བྱེད་མཁན་གྱི་གྲས་སུ་ས་གནས་རྒྱུན་ལས་གཅིག་པོ་མ་ཡིན་པར། ཕ་མའི་འཐུས་མི་གཉིས་ཙམ་འཇོག་རྒྱུའི་འཆར་གཞི་ཡོད་པ་བཅས་གང་ལྟར་གོམ་པ་རིམ་སྤོས་ཀྱིས་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད་འདུག རེས་གཟའ་ཉི་མའི་འཛིན་གྲྭ་ཚུགས་ཐུབ་པ་བྱུང་བར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་བཀྲིས་བདེ་ལེགས་ཀྱི་འཚམས་འཕྲིན་དང་། རྒྱུན་ལས་ཚང་མས་འབད་བརྩོན་གནང་བའི་གྲུབ་འབྲས་ལ་བསྔགས་བརྗོད་གནང་བ་མ་ཟད། གཞོགས་འདེགས་དགོས་རིགས་ཇི་ཡོད་ཞུ་འདུན་ཡོད་པའི་ཕྱག་བྲིས་ཤིག་ཀྱང་གནང་ཡོད་པ་རེད།
ཝར་མོན་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་གསར་བཙུགས་གནང་བ།
གསར་གནས།
འབྲེལ་གནས།