༢༠༡༡ ཟླ་ ༡ ཚེས་ ༦ རེས་གཟའ་ཕུར་བུ།
༅༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རབ་གནས་ལྕགས་སྟག་ལོའི་བོད་ཟླ་ ༡༠ པའི་ཚེས་ ༡༠ ཉིན་དབུ་འཛུགས་ཀྱིས་ཉིན་ལྔ་རིང་གྲུབ་དབང་རྫོགས་ཆེན་དགོན་དུ་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ཚོགས་ཡོད། དེ་ཡང་ཀོ་ལེ་གྷལ་དོན་ལྡན་གླིང་དུ་བཞུགས་པའི་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་གྲྭ་བཙུན་སྔགས་གསུམ་གྱི་ཚོགས་མགོན་དུ་སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྤྲུལ་པའི་གཏེར་ཆེན་རིག་འཛིན་འཇའ་ཚོན་སྙིང་པོས་ཉང་ཧང་ཝ་ར་ན་ངོས་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་གཏེར་དུ་བཞེས་པའི་ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཞེས་རྩ་གསུམ་སྤྱི་དྲིལ་སྒོ་ནས་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལེགས་གྲུབ་བྱུང་ཡོད། དོན་ལྡན་གླིང་མི་མང་རྣམས་ཀྱང་མཉམ་ཞུགས་ཀྱིས་གུ་རུ་སིདྡི་གསོག་རྒྱུ་དང་ཞབས་ཞུ་གནད་སྨིན་ཞུས་ཡོད། ལོ་ལྟར་ཚོགས་པའི་ཚོགས་འབུམ་ཆེན་མོའི་དགེ་བས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་དབུས་པའི་རིས་མེད་བསྟན་འཛིན་སྐྱེས་བུ་རྣམས་སྐུ་ཚེ་བརྟན་པ་དང། ཁྱད་པར་འབྱུང་བཞིའི་གནོད་པ་སོགས་མི་མཐུན་པའི་བར་ཆད་ཐམས་ཅད་དབྱིངས་སུ་དྭངས་ནས་རང་རེ་ཁ་བ་གངས་ཅན་པ་རྣམས་ཀྱིས་རིང་ནས་སྙིང་ལ་བརྣགས་པའི་རང་དབང་ཞི་བདེའི་ཉི་མ་མྱུར་ཏུ་ཤར་ནས་གཞི་བྱེས་མཉམ་འཛོམས་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་ཤིས་སྨོན་ཟབ་མོ་བཅས་ཀྱིས་མཇུག་གྲོལ་གནང་འདུག