༢༠༡༡ ཟླ་ ༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༥ ཉིན་རྡ་ས་བོད་གཞུང་སྨན་རྩིས་ཁང་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དབུ་བརྙེས་ནས་ལོ་བདུན་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད།དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་། ཁྲིམས་ཞིབ་པ་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་རྟ་མགྲིན་ལགས། ཕྱི་ལུགས་སྐུའི་བླ་སྨན་པ་ཚེ་བརྟན་ལགས། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྨན་རམས་པ་བསོད་ནམས་སྒྲོལ་མ་ལགས། སྨན་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་སྨན་པ་ཐོགས་མེད་ལགས། སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་སྐུ་ཚབ་ཁ་དང། གསར་འགོད་པ་བཅས་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གྲུབ་མཚམས་གཡུ་ཐོག་གསོལ་འདེབས་འདོན་པ་དང་སྦྲགས་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་སྨན་རམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་བསྟུན་འཛིན་སྐྱོང་ཚོགས་མི་སྨན་པ་ཐོགས་མེད་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་བའི་སྙིང་དོན་ནི། ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་བོད་གཞུང་ལ་རེ་སྐུལ་མང་པོ་གནང་འདུག་ཀྱང་སྨན་པའི་ལྷན་ཚོགས་ཀྱི་ཐུགས་བཞེད་ལྟར་ཞལ་བཞེས་ཕོད་པ་མི་འདུག་ཀྱང་། གང་ཡོང་སྤྱི་ཡོང་གི་ལྷག་བསམ་སྙིང་བཅང་ཞུ་རྒྱུ་ཡིན། གལ་གནད་ཆེ་བ་ཞིག་ལ་སྨན་པའི་ལྷན་ཚོགས་ཀྱི་ས་གནས་ཁག་ཏུ་རྟོག་ཞིབ་གནང་སྟེ་ཕྱག་ཁྱེར་གནང་གི་ཡོད། རྟོག་ཞིབ་གནང་བའི་ནང་ང་ཚོའི་བོད་སྨན་འདི་ཕྱི་རྒྱལ་གྱི་སྨན་དང་མི་འདྲ་བར་འཕགས་པའི་གང་ཟག་གིས་ཡེ་ཤེས་ཀྱི་གཟིགས་པས་དཔྱད་དེ་སྨན་གྱི་ནུས་པ་དེའང་མིའི་ལུས་ངག་ཡིད་གསུམ་གྱི་ནད་གསོ་བ་དང་སྡུག་བསྔལ་སེལ་བའི་དོན་ལ་དམིགས་ཏེ་སྨན་སྦྱོར་གྱི་ནུས་པ་ལའང་དགོངས་པ་བཞེས་རྒྱུའི་གནད་འགག་ཅིག་ཆགས་ཡོད། ང་ཚོའི་བོད་པའི་སྨན་གྱི་རྫས་ལྔ་ཏིང་ངེ་འཛིན་བྱས་ཏེ་ཏིང་ངེ་འཛིན་གང་ཟག་རྒྱུད་ལ་ཇི་ཙམ་ཡོད་པ་མི་ཤེས་ཀྱང་རྫས་ཀྱི་རིགས་དེ་དག་ཚང་གི་ཡོད་མེད་རྟོགས་ཞིབ་གནང་གི་ཡོད། སྔགས་ཀྱི་རིགས་དེ་དག་ཀྱང་ཚང་གི་ཡོད་མེད་དོ་སྣང་ཞིག་གནང་དགོས། གསོ་བ་རིག་པའི་བསྟན་པ་འཛམ་གླིང་གང་སར་དར་ཁྱབ་ཆེན་པོ་འགྲོ་བའི་གནས་སྐབས་ལ་སྨན་སྦྱོར་ཁང་སོ་སོ་དང་སྒེར་པ་ཁག་གི་བཟོ་བཞིན་པ་ཡིན་དུས་་སྨན་པའི་ལྷན་ཚོགས་ཀྱི་དེབ་སྐྱེལ་ཁྱབ་ཁོངས་ཡོད་པ་ཡིན་ན་སྨན་སྒྲུབ་ཆ་ལག་ཚང་བ་ཞིག་ཡོང་གི་ཡོད་དང་མེད། ཡོང་གི་མེད་ན་དེབ་སྐྱེལ་ཆ་རྐྱེན་བཟོ་འོས་པ་ཞིག་རེད་བསམ་གྱི་འདུག་ ད་ལྟའི་ཆར་སྨན་པའི་ལྷན་ཚོགས་ལ་སྨན་རྩིས་ཁང་ནས་་མཐུན་འགྱུར་གནང་ཡོད་པ་མཐོང་ཚུལ་བྱུང་ཐུགས་རྗེ་ཞུ་རྒྱུ་དང་བོད་སྨན་དང་གསོ་བ་རིག་པའི་ནུས་ཚད་གོང་འཕེལ་འགྲོ་དང་མི་འགྲོ་དེ་རྣམ་པ་ཚོས་རིག་པས་སྒྲིམ་ཏེ་ཚགས་ཚུད་གོང་འཕེལ་བཏང་དགོས་སམ་དགོངས་པའི་དཔྱད་བསྡུར་བྱས་ཏེ་འཆར་གཞི་འདི་དང་འདི་འདྲར་འདི་དགོས་བསམ་ན་འཕྲོད་བསྟེན་ལས་ཁུངས་བརྒྱུད་དེ་བཀའ་ཤག་ལ་སྙན་སེང་ཞུས་ན་དགོངས་པ་གནང་རྒྱུ་ཡོད་ཀྱི་རེད། དེའི་ཐོག་གཞུང་གི་དགོངས་བཞེད་ནི་བོད་མི་མང་ཀྱི་གྲོས་ཚོགས་ཀྱིས་གཏན་འབེབ་ཁྲིམས་དང་སྒྲིག་གཞིའི་འོག་ནས་བྱུང་བའི་སྒྲིག་འཛུགས་ཞིག་ཡིན་ནའང་སྒྲིག་འཛུགས་དེ་རང་དབང་ཞིག་དགོས་ཀྱི་ཡོད་པར་སོང་རྒྱུ་འགྲོན་དེ་དག་གཞུང་གི་བཏང་བསྡད་པ་ཡིན། རང་དབང་ཞིག་ཆགས་ཀྱི་མེད་པའི་རྣམ་འགྱུར་ཐོན་གྱི་ཡོད་པར་སོང་རྒྱུ་གྲོན་དེ་དག་ལྷན་ཚོགས་རང་ནས་དགོངས་པ་བཞེས་རྒྱུ་ཞིག་དང་། ལས་དོན་ཚགས་ཚུད་དང་རྒྱ་བསྐྱེད་རྟོགས་ཞིབ་སོགས་ལ་དཀའ་ངལ་འཕྲད་པ་ཡིན་ན་སྙན་སེང་ཞུས་ན་ཞུ་ས་ཡོད་པ་ཞིག་ཡོང་གི་རེད། བསམ་ཚུལ་དེ་དག་མཛད་སྒོ་དང་སྟབས་བསྟུན་ཏེ་ཞུས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གྲུབ་རྗེས་སྨན་པའི་ལྷན་ཚོགས་ཀྱི་ཚོགས་མི་སྨན་རམས་པ་བློ་བཟང་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་སྨན་རྩིས་བསྟན་རྒྱས་སྨོན་ལམ་བཏོན་ཏེ་མཛད་སྒོ་གྲུབ་པ་བཅས།།