༢༠༡༡ ཟླ་ ༡ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༨ ནས་ ༡༡ བཅས་ཉིན་གྲངས་བཞིའི་རིང་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ནང་ཕབ་སྒྱུར་ཞུ་རྒྱུའི་ཚོགས་ཆེན་ཚོགས་བཞིན་ཡོད། པཎ་གྲུབ་ ༡༧ གཙོ་བོར་གྱུར་བའི་རྒྱ་གར་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་དཔལ་ན་ལཎྜ་དང་བིཀ་ཀ་མ་ཤི་ལ་སོགས་ཀྱི་པཎ་གྲུབ་དང་མཁན་ཆེན་ ༧༠༠ ལྷག་གིས་རྒྱལ་བའི་བཀའི་དགོངས་པ་བཀྲལ་བའི་བསྟན་འགྱུར་གྱི་གཞུང་ཆེན་མོ་ལེགས་སྦྱར་ནས་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པར་གཞི་བཅོལ་ཏེ་ལེགས་སྦྱར་དང་དབྱིན་སྐད། རྒྱ་སྐད། ཧིན་སྐད་སོགས་ནང་ཕབ་སྒྱུར་ཞུ་རྒྱུའི་ལས་གཞི་དང་འགྲེལ་བའི་ཚོགས་ཆེན་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ལྷན་ཞུགས་མཛད་རྒྱུ་ཡིན་འདུག བསྟན་འགྱུར་ཕབ་སྒྱུར་གྱི་ལས་འཆར་དང་འབྲེལ་བའི་ཚོགས་ཆེན་དེ་བཞིན་ལོ་མང་རིང་ནས་མཁས་དབང་མང་པོ་ཞིག་དང་རྫོང་སར་མཁྱེན་བཙེའི་ཐེབས་རྩ་ཁང་སོགས་ཀྱིས་འབད་བརྩོན་གནང་བའི་གྲུབ་འབྲས་ལས་བྱུང་བ་ཞིག་ཡིན་འདུག ཚོགས་ཆེན་འདི་ཝ་ཎར་མ་འཚོགས་སྔོན་ཨ་རིའི་བྷོལ་ཌར་ས་གནས་དང་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦིར་བཅས་ཀྱི་ས་གནས་སོ་སོའི་ནང་ལོ་རྩ་བའི་ཚོགས་ཆེན་ཁག་གཉིས་ཚོགས་ཡོད། ཚོགས་ཆེན་གསུམ་པའི་སྐབས་བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ནང་ཕབ་སྒྱུར་ཞུ་རྒྱུའི་ལས་འཆར་དང་འབྲེལ་བའི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན་འདུག ཨ་རིའི་ནང་ཆོས་གཙུག་ལག་སློབ་གཉེར་ཁང་དང་(AIBS) ཀོ་ལམ་བྷི་ཡ་ནང་ཆོས་གཙུག་ལག་སློབ་གཉེར་ཁང་(Columbia University Center for Buddhist Studies) དེ་བཞིན་ཨ་རི་བོད་ཁང་བཅས་ཟུང་འབྲེལ་ཐོག་བསྟན་འགྱུར་གྱི་གཞུང་རྣམས་དབྱིན་སྐད་ནང་ཕབ་སྒྱུར་དང་ཕྱོགས་སྒྲིག་ཞུ་རྒྱུའི་ཐུགས་ཁུར་རྐང་བཞེས་གནང་རྒྱུ་ཡིན་འདུག་པ་བཅས།།
བསྟན་འགྱུར་བོད་སྐད་ནས་སྐད་ཡིག་གཞན་ནང་ཕབ་སྒྱུར་ཞུ་རྒྱུའི་ཚོགས་ཆེན་ཝ་ཎ་བོད་ཀྱི་མཐོ་སློབ་ཏུ་ཚོགས་པ།
གསར་གནས།

འབྲེལ་གནས།
