༢༠༡༡ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་རྡ་སྟེང་མེག་གན་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་ཞུས་ཐོག བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་བ་མི་གྲངས་ ༤༠ ཙམ་དང་གཞན་བོད་མི་རྒན་གཞོན་ཁག་གཅིག་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་ལ། བོད་ཀྱི་གནད་དོན་སེལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐབས་ལམ། ཞེས་པའི་བརྗོད་གཞིའི་ཐོག་དབྱིན་སྐད་ཐོག་གསུང་བཤད་གནང་ཡོད། སྐབས་དེར་ཐོག་མར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་མདོར་ཙམ་གནང་གྲུབ་བསྟུན་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། བོད་ཀྱི་དཀའ་ངལ་སེལ་ཆེད་འདས་པའི་ལོ་ ༣༥ ལྷག་ཙམ་རིང་བོད་མི་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འབད་བརྩོན་གནང་མུས་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་དེར་མཚམས་རེ་མི་ཚོས་དབུ་མའི་ལམ་གྱི་ལངས་ཕྱོགས་ཞེས་འབོད་ཀྱི་ཡོད། དབུ་མའི་ལམ་ཞེས་པ་དེ་ནང་ཆོས་ཀྱི་ཐ་སྙད་ཅིག་ཡིན།
དེའི་དོན་ནི་མཐའ་གཉིས་དང་བྲལ་བའི་དབུས་ལ་གནས་པ་ཡིན། དེ་དང་ཕྱོགས་མཚུངས་སྲིད་བྱུ་འདིས་ཀྱང་མཐའ་གཉིས་དང་བྲལ་བ་ཞིག་ཆགས་ཡོད། མཐའ་གཅིག་ནི་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ཚོར་འཛིན་པའི་སྲིད་བྱུས་དེར་ངོས་ལེན་བྱེད་རྒྱུ་དང། མཐའ་གཞན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ཁ་བྲལ་གྱི་རང་བཙན་བསྐྱར་ལེན་ཆེད་འཐབ་རྩོད་བྱེད་རྒྱུ་དེ་ཡིན། མཐའ་དེ་གཉིས་དང་བྲལ་ཏེ་དབུས་ལ་གནས་པའི་དོན་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་གྲངས་ཉུང་མི་རིགས་ཚང་མར་ཐོབ་ཐང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཆ་ཚང་བོད་མི་ཚོར་ལག་བསྟར་བྱེད་རྒྱུ་དེ་ཡིན། ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་མི་རིགས་རང་སྐྱོང་དང་ས་གནས་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཡོད། གྲངས་ཉུང་མི་རིགས་འགའ་ཤས་ལ་ས་ཆ་མེད་སྟབས་མི་རིགས་རང་སྐྱོང་གི་ཐོབ་ཐང་སྤྲད་ཡོད། ས་ཆ་ཡོད་པའི་གྲངས་ཉུང་མི་རིགས་ཚོར་མི་རིགས་རང་སྐྱོང་ས་གནས་རང་སྐྱོང་གི་ཐོབ་ཐང་གཉིས་ཀར་སྤྲད་ཡོད། བདེ་འཇགས་དང་རྒྱལ་ཁབ་གཞན་དང་གཞུང་འབྲེལ་གྱི་ཐོབ་ཐང་མ་གཏོགས་རང་སྐྱོང་གནས་བབ་ནང་ཐོབ་ཐང་གཞན་ཆ་ཚང་ཡོད་པ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོད་པ་དེ་ལག་བསྟར་ཡོང་རྒྱུར་ཐུགས་བརྩོན་མཛད་བཞིན་ཡོད། དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེངས་ཕྱོགས་དེ་རྒྱལ་ཁབ་ཁ་བྲལ་རྩོད་རྒྱུའི་ལངས་ཕྱོགས་ཀྱི་མཐའ་དང་ད་ལྟའི་གནས་སྟངས་ཀྱི་མཐའ་གཉིས་དང་བྲལ་བར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་བརྗོད་ཀྱི་ཡོད། བོད་སྐད་དུ་དབུ་མའི་ལམ་གྱི་སྲིད་བྱུས་སམ་ལངས་ཕྱོགས་ཟེར་བའི་མིང་དེ་ཕལ་ཆེར་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་དཀྱིལ་ཙམ་ནང་དབྱིན་སྐད་དུ་ (Middle way policy, Middle way appreoach) ཟེར་བ་ཐོག་མར་གསར་བཟོ་བྱུང་བ་ཞིག་རེད། དབྱིན་སྐད་ནང་(Middle) ཞེས་པ་དབུ་མ་དང། (way) ཞེས་པ་ལམ། སྲིད་བྱུས་ལ་ (policy) བརྗོད་ཀྱི་ཡོད། དེར་བརྟེན་དབྱིན་སྐད་ནང་ཡོད་པའི་མིང་དེ་བོད་སྐད་ནས་སྒྲ་སྒྱུར་བྱས་པ་ཞིག་རེད། ཁྱེད་ཚོས་མཁྱེན་གསལ་ལྟར་བོད་དེ་ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་བཟུང་བྱས་པ་ཞིག་རེད། བཙན་བཟུང་དེ་དམག་དཔུང་དང་ཕྱོགས་གཅིག་ནས་གྲོས་མོལ་ཟེར་བའི་ལམ་ནས་བྱས་ཡོད་པ་མ་ཟད། མཐར་ཕྱི་ལོ་ ༡༩༥༡ ཕྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་མཐུན་དོན་ཚན་ ༡༧ གཏན་ལ་ཕབ་པ་རེད། སྤྱིར་བཏང་གྲོས་མཐུན་དོན་ཚན་ ༡༧ ནང་ཐོབ་ཐང་ཡག་པོ་དེ་འདྲ་མང་པོ་གསལ་ཡོད་ཀྱང་སྟབས་མ་ལེགས་པ་ཞིག་ལ་ལག་བསྟར་བྱས་མེད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།