༢༠༡༡ ཟླ་ ༡ ཚེས་ ༤ རེས་གཟའ་མིག་དམར།
༅༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༡ ཉིན་ཐེ་ཝན་བོད་གཞུང་སྐུ་ཚབ་དོན་ཁང་གི་ལམ་སྟོན་འོག་ཐེག་གསུམ་ཆོས་གླིང་ཆོས་ཚོགས་དང། ལོང་ཤན་དགོན་པ།(Longshan Temple) ཕ་ཤན་དགོན་པ། (Fa-Shan) བཅས་ཀྱིས་གོ་སྒྲིག་ཐོག་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་ཆེད་སྨོན་ལམ་ཚོགས་ཡོད། དེ་ཡང་སྨོན་ལམ་ཚུགས་སྐབས་ཐེ་ཝན་དུ་རྟེན་གཞི་བྱས་པའི་ཐེ་ཝན་དང་བོད་པའི་དགོན་སྡེ་དང་སློབ་གཉེར་ཁང་སོགས་ཀྱི་གྲྭ་བཙུན་དང། ནང་ཆོས་ཉམས་ལེན་བྱེད་མཁན་མང་ཚོགས་བཅས་ཁྱོན་མི་གྲངས་ ༦༠༠ བརྒལ་བ་འདུ་འཛོམས་ཐོག་བོད་གཞུང་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་འཛམ་གླིང་ནང་གི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གལ་ཆེན་པོ་ཡིན་སྐོར་དང་།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུའི་མཛད་ཁུར་སྐོར་ལ་གསུང་བཤད་གནང་ཡོད། དེ་བཞིན་མཁན་པོ་ཚེ་རྣམ་དང་ཐེ་ཝན་གྱི་གནད་ཡོད་དགེ་འདུན་པ་རྣམས་ཀྱིས་ཐེ་ཝན་ནང་གི་ནང་ཆོས་ཉམས༌ལེན་པ་ནང་ཁུལ་མཐུན་ལམ་གནང་རྒྱུ་ཙམ་མ་ཟད། ཆོས་ལུགས་མཐུན་སྒྲིལ་ཆེད་ཕྱག་ལས་མཉམ་རུབ་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད་པ་བཅས།།