༢༠༡༡ ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༧ ཕྱེད་ཡོལ་ཆུ་ཚོད་ ༡།༣༠ པའི་ཐོག་མགོན་པོ་གང་ཉིད་མཆོག་ཕེབས་འགྲོའི་ཐོག་ཝྭ་ཎཱ་གཙུག་ལག་སློབ་ཁང་ནས་རྒྱང་ཐག་ཀི་ལོ་མི་ཊར་བཅུ་ཙམ་ཡོད་སར་གནས་པའི་ཝྭ་ཎཱ་གཙུག་ལག་སློབ་ཁང་གི་དེ་སྔོན་མ་སློབ་རྒྱ་གར་གྱི་སམ་སྐྲི་ཏ་གཙུག་ལག་སློབ་ཁང་དབུ་བརྙེས་ནས་ལོ་ ༢༢༠ འཁོར་བའི་དགའ་སྟོན་དུ་གདན་ཞུ་ལྟར་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་༸གོང་ས་མཆོག་གིས་སྣང་གསལ་ཞལ་ཕྱེ་མཛད་དེ་མཛད་སྒོ་དབུ་འཛུགས་བསྐྱངས།
དེ་ཡང་གོང་ཚེས་ཉིན་གཙུག་ལག་གྲྭ་དེའི་དགེ་རྒན་ཆེན་མོ་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་ཏེ་༸ཞབས་བཏེགས་ཐོག་༸ཞབས་སོར་འཁོད་རྗེས་ཁོང་རྣམ་པས་༸གོང་ས་མཆོག་ལ་ཆེ་བསྟོད་མཚོན་ཆེད་མེ་ཏོག་དང་ཕྱག་རྟགས་འདེགས་འབུལ་ཞུས་གྲུབ་མཚམས་རིམ་བཞིན་གསུང་བཤད་གནང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་རྒྱ་གར་གྱི་གནད་ཡོད་མི་སྣས་གཙོས་ཁྱོན་མི་གྲངས་ ༡༥༠༠ བརྒལ་བ་རྣམས་ལ་ལམ་སྟོན་བཀའ་སློབ་སྩལ་དོན།
ཙུག་ལག་སློབ་གྲྭ་འདི་ཕྱོགས་གཅིག་ནས་ཝྭ་ཎཱ་བོད་ཀྱི་མཐོ་རིམ་སློབ་གྲྭའི་ཨ་མ་ལྟ་བུ་ཆགས་ཡོད། ཝྭ་ཎཱ་བོད་ཀྱི་མཐོ་སློབ་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་ཐོག་མའི་ཆར་ལེགས་སྦྱར་གཙུག་ལག་སློབ་གྲྭ་འདིར་སློབ་སྦྱོང་བྱས་ཡོད། ད་ཆ་ཝྭ་ཎ་བོད་ཀྱི་མཐོ་སློབ་རང་མགོ་ཏོག་ཙམ་ཐོན་ཡོད། ཡ་རབས་བཟང་སྤྱོད་ཀྱི་ཐོག་ནས་བརྗོད་ན་སོ་སོ་རང་ཉིད་རང་མགོ་ཐོན་སྐབས་དང་པོའི་མ་དེར་བཀའ་དྲིན་བརྗེད་ཐབས་མེད་པ་གཅིག་དང་། དྲིན་གསོའི་བསམ་བློའི་ཐོག་ནས་གུས་འདུད་ཞུ་དགོས་པ་ཞིག་ཆགས་ཡོད། རྒྱ་བོད་གཉིས་དབར་བླ་མ་དང་སློབ་མའི་འབྲེལ་བ་ཡོད། ལྷག་པར་དུ་ལེགས་སྦྱར་སྐད་ཡིག་མཁྱེན་མཁན་ཚོ་ང་ཚོའི་དགེ་རྒན་ངོ་མ་དེ་ཆགས་ཡོད། ང་ཚོ་ཁྱེད་ཚོའི་དགེ་ཕྲུག་ཡིན་ནའང་དགེ་ཕྲུག་བློ་འགེལ་ཆོག་པ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན་འདས་པའི་དུས་རབས་འགའ་ཤས་རིང་རྒྱ་གར་ནང་གནས་སྟངས་འགྱུར་བ་ཕྱིན་པར་བརྟེན་བསྟན་པ་ལ་འཕེལ་སྒྲིབ་མང་པོ་བྱུང་ཡོད།
དུས་སྐབས་དེའི་རིང་རྒྱ་གར་སྲོལ་རྒྱུན་གྱི་གཅེས་ནོར་ཕྱུག་པོ་དེ་དག་བོད་པས་གཅེས་འཛིན་སྦྱས་པ་དེས་ང་ཚོ་དགེ་ཕྲུག་བློ་ཐུབ་གཅིག་ཡིན་པའི་དཔང་པོ་བྱེད་ཐུབ། ངོས་རང་གང་དུ་ཕྱིན་ཡང་རྒྱ་གར་སྲོལ་རྒྱུན་ནས་བྱུང་བའི་ཨ་ཧིན་སའི་ (Ahinsa) སྐོར་ཤོད་ཀྱི་ཡོད། ཨ་ཧིན་ས་ཞེས་པ་དེ་སྤྱིར་སྟངས་འཚེ་བ་མེད་པ་ཞིག་ལ་བརྗོད་ཀྱི་ཡོད། བྱ་བ་གང་འདྲ་ཞིག་བརྩམས་ཀྱང་ཀུན་སློང་ཞིག་དགོས། འཚེ་བ་མེེད་པ་དེ་སྙིང་རྗེ་གོང་འཕེལ་གཏོང་བའི་ཐོག་ནས་ཡར་རྒྱས་གཏོང་དགོས། དེར་བརྟེན་ངོས་རང་ས་གནས་གང་དུ་ཕྱིན་ཡང་འཚེ་བ་མེད་པ་དང་ཀ་རུ་ནའི་ (Karuna) སྙིང་རྗེ་སྐོར་ཤོད་ཀྱི་ཡོད། ཕྱོགས་ཚུངས་ངོས་ཀྱིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་རིང་ནས་དར་བའི་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གཉིས་དུས་ད་ལྟའང་གསོན་པོར་གནས་ཡོད།
དེར་བརྟེན་རྒྱ་གར་ནང་འཛམ་གླིང་ས་ཕྱོགས་གང་དུའང་མེེད་པའི་ཆོས་ལུགས་ཆེ་ཁག་མང་པོ་ཞིག་ཕན་ཚུན་ལོ་སྟོང་ཕྲག་རིང་འཆམ་མཐུན་ངང་གནས་ཡོད། ཆོས་ལུགས་དུ་མ་ཡོད་པའི་ནང་མི་རེ་ཟུང་གིས་བྱེད་སྟངས་མ་འགྲིག་པ་དེ་འདྲ་ཡོང་བཞིན་པ་དེ་ཆོས་ཉིད་ཡིན། ངོས་རང་ས་གནས་གང་དུ་ཕྱིན་ཡང་རྒྱ་གར་གྱི་བང་ཆེན་ཡིན་ཞེས་བརྗོད་ཀྱི་ཡོད། ད་ཆ་ང་ཚོའི་དགེ་རྒན་གྱིས་ཆོས་ལུགས་མཐུན་སྒྲིལ་དང་འཚེ་མེད་ཞི་བའི་ལྟ་གྲུབ་གོང་མཐོར་གཏོང་རྒྱུའི་ལས་གཞི་ཐོག་འགན་ཁུར་མང་ཙམ་བཞེས་རོགས་ཞེས་ངོས་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན། དོན་དམ་གྱི་བདེ་སྐྱིད་སྐྲུན་པར་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་གོང་འཕེལ་གཏོང་དགོས་པ་དེ་འཛམ་གླིང་མི་མང་ཚོར་སློབ་སྟོན་གནང་དགོས་ཞེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ། དེ་རྗེས་ཚོགས་བཅར་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཏེ་བཞུགས་གནས་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས།།