༢༠༡༡ ཟླ་ ༡ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༠༠༠༠ བརྒལ་བ་རྣམས་ལ་གནས་མཆོག་ཝྭ་རཱ་ཎ་སིའི་བོད་ཀྱི་མཐོ་སློབ་ཀྱི་གསུང་ཆོས་རྭ་བའི་ནང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཉིན་གསུམ་པའི་ཆོས་འབྲེལ་དབུ་འཛུགས་བཀའ་དྲིན་ཆེ་བ་སྩལ་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་དུང་རྒྱ་སྤེ་སྣེས་སྔོན་བསུས་ཏེ་གསུང་ཆོས་རྭ་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཐོག་མར་ཀོ་རི་ཡ་དང་ཉི་ཧོང་གི་དགེ་འདུན་པ་ཁག་གཅིག་གིས་ཤེས་རབ་སྙིང་པོ་བཏོན།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་དབུ་འཛུགས་མ་མཛད་གོང་དེར་འདུས་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་སློབ་སྩལ་དོན། ཤེས་རབ་སྙིང་པོ་འདོན་རྒྱུ་དེས་གང་ཞིག་མཚོན་གྱི་ཡོད་དམ་ཞེས་ན། ཐོག་མར་བཅོམ་ལྡན་འདས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ལ་ཆོས་འཁོར་ཡོངས་གྲགས་སུ་བསྐོར་བ་དེ་པཱ་ལིའི་སྡེ་སྣོད་གསུམ་ནང་བསྐོར་ཡོད། དེ་བཞིན་ལེགས་སྦྱར་གྱི་ཆོས་འཁོར་དེ་དག་གཙོ་བོ་ཤེར་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཆགས་ཀྱི་ཡོད། ཤེས་རབ་སྙིང་པོ་དེ་ཐེག་ཆེན་གྱི་ཡུལ་གྲུ་ཡོངས་རྫོགས་ཀྱིས་འདོན་གྱི་ཡོད། པཱ་ལིའི་སྡེ་སྣོད་གསུམ་དེ་སྦར་མ་དང་ཐེ་ལན། ཤི་རི་ལངྐ་། ལའོ་སི། ཀེམ་པུ་ཌི་ཡ། དེ་བཞིན་ཝི་ཏི་ནམ། རྒྱ་ནག བོད་བཅས་ལ་ཡོད་པ་རེད། གང་ལྟར་པཱ་ལིའི་གཞུང་དེ་དག་ནང་པའི་ཡུལ་གྲུ་ཡོངས་རྫོགས་ལ་ཡོད་པ་རེད།
ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དེ་ཡང་ཁུངས་གཏུགས་ས་དཔལ་ན་ལེཎྜ་ཡིན། རྒྱ་ནག་གི་ཆོས་བརྒྱུད་དེ་ཀླུ་སྒྲུབ་དང་ཐོགས་མེད་ལ་གཏུགས་པ་དེ་གསལ་པོ་རེད། བོད་སོག་གཉིས་ཀྱང་ཆོས་བརྒྱུད་གཅིག་པ་རེད་འདུག ཧ་ལམ་ཨི་ཤེ་ཡའི་གླིང་ཆེན་ཡོངས་རྫོགས་ནང་པའི་ཡུལ་གྲུ་ཆགས་ཀྱི་འདུག ངོས་ཀྱིས་ངོ་ཤེས་རྒྱ་མི་ཆོས་གྲོགས་ཚོས་རྒྱ་ནག་ནང་དུ་ནང་ཆོས་ལ་དད་པ་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་གི་ཡོད་སྐོར་བརྗོད་ཀྱི་འདུག ཁ་སྔོན་གསར་འགྱུར་གཅིག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་སློབ་གྲྭ་ཆེན་པོ་ཞིག་གིས་རྒྱ་ནག་ནང་དུ་ནང་པ་ག་ཚོད་ཡོད་མེད་ཉམས་ཞིབ་བྱས་པའི་སྙན་ཐོ་བཏོན་ཡོད་པའི་ནང། རྒྱ་ནག་ནང་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཧ་ལམ་ས་ཡ་སུམ་བརྒྱ་ཡོད་པའི་སྐད་ཆ་ཤོད་ཀྱི་འདུག
དེ་བཞིན་ཨ་རིའི་མཐོ་སློབ་གཅིག་གིས་ཞིབ་འཇུག་བྱས་པར་གཞིགས་ན། ས་ཡ་བརྒྱ་བརྒལ་བ་ཤོད་ཀྱི་འདུག རྒྱ་ནག་རང་ནས་ཞིབ་འཇུག་བྱེད་མཁན་དེས་ཧ་ལམ་ས་ཡ་སུམ་བརྒྱ་ཤོད་ཀྱི་འདུག དེ་ཡང་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་བྱེད་མཁན་དེ་དག་གི་ནང་སློབ་ཕྲུག་དང་ཤེས་ཡོན་ཅན་མང་པོ་འདུག བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཙམ་ཞིག་འགྲོ་གི་ཡོད། ཉེ་ཆར་ཨབ་གྷ་ནི་སི་ཐན་གྱི་ནང་རྒྱ་མིས་གཏེར་ཁ་སྔོག་འདོན་བྱེད་སྐབས་གནའ་རྫས་ཐུབ་དབང་གི་སྐུ་དང་སྒྲོལ་མའི་སྐུ་ཐོན་པ་དེ་དག་ལོ་ག་ཚོད་ཕྱིན་ཡོད་མེད་ཀྱི་ཉམས་ཞིབ་བྱེད་སྐབས་ལོ་ཉིས་སྟོང་དྲུག་བརྒྱ་བརྒལ་བ་ཕྱིན་པ་ཤོད་ཀྱི་འདུག ས་འོག་ནས་ཐོན་པའི་གནའ་རྫས་དེ་དག་ལ་ཞིབ་འཇུག་བྱས་ཏེ་ལོ་རྒྱུས་ཤིག་རྙེད་པ་དེ་དཔང་པོ་དངོས་གནས་དེ་ཆགས་ཀྱི་ཡོད། གང་ལྟར་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ལེགས་བཤད་དེ་དག་བཞག་ནས་ལོ་དེ་དག་ཕྱིན་ཡང་དེ་དག་གིས་དུས་རབས་ཉེར་གཅིག་ནང་མི་ལ་དགོས་མཁོ་སྤྲོད་ཐུབ་མཁན་ཞིག་ཆགས་ཡོད། དེར་བརྟེན་ང་རང་ཚོ་སོ་སོའི་ཕ་མེས་ནས་ཆོས་བརྒྱུད་དེ་འཛིན་མཁན་ཆགས་ཡོད་པས་སོ་སོའི་གཅེས་ནོར་ཡིན་པ་ངོ་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། གཙུག་ལག་ཁང་ཆེན་པོ་བརྒྱབ་པ་དེ་བསྟན་པའི་ཞབས་འདེགས་སུ་འགྲོ་གི་ཡོད་ཀྱང་དེ་གཙོ་བོ་མིན། བསྟན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་།
ཞེས་སོགས་མཁས་མཆོག་དབྱིག་གཉེན་གྱིས་ང་ཚོར་བསླབ་བྱ་དེ་བསྐྱོན་ཡོད། དེ་ང་ཚོས་མ་བརྗེད་པ་བྱེད་དགོས། ཆོས་ལ་དད་པ་མེད་ན་གནས་ཚུལ་ཁག་ཁག་རེད། སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་དགོས་ཞེས་དབང་ཡོད་ཤོད་མཁན་སུ་གཅིག་མེད། སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ན་དེ་འཛིན་སྐྱོང་སྤེལ་གསུམ་ཚད་ཉིད་ཚང་བ་ཞིག་བྱེད་དགོས་པ་གལ་ཆེན་པོ་རེད། དེར་བརྟེན་ང་ཚོས་དཀའ་ལས་བརྒྱབ་ནས་གནས་འདིར་ཡོང་བ་ལྟར་ཡོང་གོ་ཆོད་པ་ཞིག་བྱེད་དགོས། དེ་བཞིན་དེ་རིང་ཁ་སང་བོད་ནང་ལ་ཤོ་སྦག་རྒྱག་མཁན་མང་པོ་འདུག་ཅེས་བརྗོད་ཀྱི་འདུག དེའི་རིགས་ལ་གཟབ་གཟབ་བྱེད་དགོས། དེ་བཞིན་ངོས་ཀྱིས་ནམ་རྒྱུན་མང་གཙོ་ཡོད་པའི་གསར་འགྱུར་འགོད་མཁན་ཚོར་འདི་ཤོད་ཀྱི་ཡོད། ཁྱེད་རང་ཚོའི་སྣ་ཁུག་གླང་ཆེན་གྱི་སྣ་ལྟར་རིང་པོ་དགོས་པ་རེད།
བླ་མ་དང་ཆོས་པ། ཁྲིམས་དཔོན། ཆབ་སྲིད་པ། འབྱོར་ལྡན་པ། ཚན་རིག་པ་སུ་ཞིག་ཡིན་རུང་མདུན་ལ་འདྲ་ཆགས་པོ་བྱེད་ཀྱི་རེད། དྲི་མ་སྣུམ་ས་གལ་ཆེ་ཤོས་དེ་རྒྱབ་ཏུ་དྲི་མ་སྣུམ་སྟེ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ཞིག་ཡིན། འོན་ཀྱང་སྐྱོན་འདོན་སྐབས་བློ་གཟུ་བོར་གནས་པའི་ཐོག་ནས་དྲང་པོ་དྲང་ཤག་བྱེད་དགོས། དེར་བརྟེན་རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གི་དྲང་ཤག་བྱས་ན་བདེན་པའི་ནུས་པ་གསལ་ཡོང་གི་རེད། དཔེར་ན། ངོས་རང་ལོ་ ༧༦ ལ་བསླེབས་སོང་དེའི་ནང་ཉམས་མྱོང་གཅིག་ག་རེ་བྱུང་སོང་ཞེས་ནས་བདེན་པ་ཞེས་པ་དེ་ག་དུས་ཡིན་ཡང་བསུབ་རྒྱུ་དང་རུལ་རྒྱུ་མི་འདུག ཆོས་ཁས་མི་ལེན་མཁན་ཞིག་ཡིན་ཡང་དྲང་པོ་དྲང་ཤག་བྱེད་དགོས།
འཛམ་གླིང་འདིའི་སྟེང་གི་དཀའ་ངལ་མང་པོ་ཞིག་མིས་བཟོས་པའི་དཀའ་ངལ་རེད། དེ་ཡོང་སའི་རྩ་བ་དེ་སེམས་མ་དུལ་བའི་དབང་གིས་གཡོ་སྒྱུ་དང་རྫུན་གྱི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད། བར་སྐབས་དཔལ་འབྱོར་གྱི་དཀའ་ངལ་དེ་ཡང་བསམ་བློ་རྒྱ་ཆེ་ས་ནས་བཏང་མ་ཐུབ་པར་སོ་སོའི་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བསམ་སྟེ་གཡོ་སྒྱུ་ཏོག་ཙམ་ཏོག་ཙམ་བྱས་ཏེ། སྐྱོན་ཆ་ཤོར་ཡོང་ས་ནས་ཕྱི་གསལ་ནང་གསལ་མ་བཟོ་བར་འགྲིག་ཡོད་བསམ་པར་བརྟེན་མཐར་འབ་སུ་མ་འདུས་པ་ཆགས་ཡོང་སྐབས། མི་མང་པོ་ཞིག་ཧ་ལས་ཧོན་ཐོར་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་འདྲ་ཤོད་ཀྱི་འདུག ཅེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྗེས་བཀའ་ཆོས་འཕྲོ་སྐྱོང་རྣམས་བཀའ་དྲིན་བསྐྱངས་ཡོད་པ་བཅས།།
༸གོང་ས་མཆོག་གིས་གནས་མཆོག་ཝྭ་རཱ་ཎ་སིར་ཉིན་གསུམ་པའི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
གསར་གནས།
འབྲེལ་གནས།