༢༠༡༡ ཟླ་ ༡ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་ཆོས་ཞུ་བ་མི་གྲངས་ ༣༠༠༠༠ བརྒལ་བ་རྣམས་ལ་གནས་མཆོག་ཝྭ་རཱ་ཎ་སིའི་གསུང་ཆོས་རྭ་བའི་ནང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པའི་ཉིན་བཞི་པའི་ཆོས་འབྲེལ་བཀྲིན་བསྐྱངས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གསུང་ཆོས་ར་བའི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ཐོག་མར་ཝི་ཏི་ནམ་གྱི་བཙུན་པ་ཁག་གཅིག་གིས་ཝི་ཏི་ནམ་སྐད་ཐོག་ཤེས་རབ་སྙིང་པོ་བཏོན་པ་དང་། དེ་ནས་དབྱིན་ཇིའི་དགེ་འདུན་པ་གཅིག་དང་མི་སྐྱ་ཁག་གཅིག་གིས་ཤེས་རབ་སྙིང་པོ་བཏོན། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་དབུ་འཛུགས་མ་མཛད་གོང་དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་ཀྱི་བཀའ་སློབ་སྩལ་དོན།
ང་ཚོ་ཚང་མར་བྱང་ཆུབ་ཀྱི་སེམས་ཡག་པོ་ཞིག་བསྐྱེད་ན། དངོས་གནས་འཛམ་གླིང་ཞི་བདེ་ཡོང་གི་རེད། འཛམ་གླིང་ཞི་བདེ་ཞེས་པ་དེ་གནམ་ནས་བབས་ཀྱི་མ་རེད་ལ་སྨོན་ལམ་བརྒྱབ་ནས་བསྒྲུབ་ཐབས་མེད། གང་ལྟར་མི་སྒེར་པ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་བྱམས་བརྩེ་ལྡན་པ་ཞིག་བྱུང་ན། ཞི་བདེ་ཡོད་ཡོད་པ་རེད། གཙོ་བོ་ཤེས་བྱ་ཡོན་ཏན་གྱི་སློབ་གསོའི་ཐོག་ནས་སེམས་ཀྱི་ཞི་བདེ་ཞེས་པ་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་ངོ་འཕྲོད་པ་བྱུང་ན། རིམ་པས་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཡོང་སྲིད། མཐོང་ཆོས་སུ་ཆ་བཞག་ནའང་དངོས་གནས་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་ན། འགྲོ་བ་མི་ཙམ་དུ་མ་ཟད་དུད་འགྲོ་གྲངས་ལས་འདས་པ་ཞིག་ལའང་ཕན་ཐོགས་ཡོང་གི་རེད། མིའི་སེམས་མ་དུལ་བའི་དབང་གིས་སེམས་ཅན་དེ་དག་ཟ་རྒྱུའི་འདུ་ཤེས་འཁྱེར་ནས་སྡུག་པོ་གཏོང་གི་འདུག དེར་བརྟེན་ད་རེས་མི་ལུས་ཐོབ་ནས་སེམས་པ་བཟང་པོ་བྱེད་རྒྱུའི་དུས་ཚོད་ཡོད་པ་དེ་ཆུད་ཟོས་སུ་གཏོང་རྒྱུ་མེད། དེ་བཞིན་དེ་སྔ་ནང་ཆོས་མ་དར་བའི་ཡུལ་གྲུ་ཁག་ནས་དེང་སྐབས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། རིགས་གཅིག་གིས་ཤེས་ཡོན་གྱི་འདུ་ཤེས་དང་རིགས་གཅིག་གིས་ཉམས་ལེན་བྱེད་རྒྱུའི་ཆེད་དུ་དོ་སྣང་བྱེད་ཀྱི་ཡོད། གང་ལྟར་ཉིན་མ་གསུམ་བཞིའི་གོང་ལ་འདི་གར་སྐད་རིགས་འདྲ་མིན་གྱི་ལོ་རྩཱ་བ་ཚོགས་ཏེ་བཀའ་བསྟན་བཅོས་སྐད་ཡིག་གཅིག་ནས་གཅིག་ལ་བསྒྱུར་རྒྱུའི་བགྲོ་གླེང་བྱས་ཡོད། དེ་བཞིན་ལོ་གཅིག་ཁོང་ཚོ་དོན་གཉེར་ཅན་མང་པོ་ཞིག་གིས་བཀའ་འགྱུར་བསྟན་འགྱུར་བོད་ཡིག་ནང་ལ་ཡོད་པ་དེ་དག་དབྱིན་སྐད་ནང་དུ་བསྒྱུར་རྒྱུའི་ལས་འགུལ་གཅིག་དེ་སྔ་ནས་ཡོད་པ་རེད། དེའི་ཐོག་ལའང་བགྲོ་གླེང་མང་པོ་བྱུང་ཡོད།
གང་ལྟར་བཀའ་འགྱུར་སྡེ་ཚན་སོ་སོའི་འགྲེལ་པ་བསྟན་འགྱུར་ནང་ཡོད་པ་དེ་དག་ཟུང་འབྲེལ་བྱས་ནས་བསྒྱུར་རྒྱུའི་གོ་བསྡུར་བྱུང་སོང་། སངས་རྒྱས་ཀྱི་ཆོས་དེ་སྡེ་ཚན་གསུམ་དུ་ཕྱེ་ནས་དངོས་ཡོད་གནས་ཚུལ་འགྲེལ་བཤད་བྱེད་རྒྱུ་ཚན་རིག་ཅེས་སྡེ་ཚན་གཅིག་དང་། དེ་གཞི་ལ་བཞག་སྟེ་ཕྱོགས་སྡོམ་བརྒྱབ་ནས་ལྟ་སྟངས་ཀྱི་ལྟ་གྲུབ་གཅིག་ཡོང་གི་ཡོད་པ་དེ་སྡེ་ཚན་གཅིག དེ་ནས་ནང་ཆོས་ཉམས་ལེན་བྱེད་རྒྱུའི་སྡེ་ཚན་གཅིག་བཅས་སྡེ་ཚན་གསུམ་ཕྱེ་ནས་དུམ་བུ་ལྟ་བུ་གསུམ་བཟོ་ཐུབ་ན། ནང་ཆོས་ཀྱི་གཞུང་ནས་བཀའ་བསྟན་འགྱུར་ནས་ཐོན་པའི་ཚན་རིག་ཅེས་བརྗོད་ཆོག་གི་རེད། གང་ལྟར་ཚན་རིག་སྡེ་ཚན་དེ་དང་འབྲེལ་བའི་ལྟ་གྲུབ་ཀྱི་གྲས་དེ་དག་ལ་ཤེས་ཡོན་རང་གི་འདུ་ཤེས་བྱས་ཏེ་སྦྱང་ན། ཤེས་ཡོན་ཡར་རྒྱས་འགྲོ་རྒྱུར་ཏན་ཏན་ཕན་ཐོགས་ཡོད། དེ་བཞིན་ཆོས་བརྒྱུད་གཞན་དག་གིས་དད་པ་བྱེད་མཁན་ཚོས་ཕྱི་ནང་དངོས་ཡོད་ཀྱི་གནས་ཚུལ་རྟོགས་རྒྱུར་སངས་རྒྱས་པའི་གཞུང་ནས་གསུངས་པ་དེར་སྦྱང་ན་ཕན་ཐོགས་ཡོད། ད་ལྟ་དུས་རབས་ཉེར་གཅིག་ནས་ལོ་བཅུ་གཅིག་འགྲོ་གི་ཡོད། དེའི་ནང་ལ་འགྱུར་བ་མང་པོ་ཞིག་འགྲོ་ཐུབ་རྒྱུ་བཟོ་ལྟ་ལྟ་བུ་ཞིག་ཡོང་གི་འདུག དེ་བཞིན་གསང་སྔགས་རྟོགས་པ་གང་འདྲ་ཞིག་ཐོག་ནས་ལྷའི་གནས་འབྱོར་གྱི་ཉམས་ལེན་དང་དམིགས་ཡུལ་གང་ཡིན་པ་དེ་ཡང་མ་ཤེས་སྟབས། གནོད་པ་ཏོག་ཙམ་བྱུང་བ་དང་སྨན་བཅོས་མ་བྱས་པར་ཞབས་བརྟན་བྱེད་དགོས་པ་ཤོད་ཀྱི་ཡོད།
སྔོན་ལྷ་འཕེབས་མཁན་ཞིག་ཡོད། དེས་ལུང་བསྟན་བརྒྱབ་སྟེ་ལྷམ་སྒྲོགས་བཅིང་སའི་འོག་དེར་ཟ་ཕྲུག་བརྒྱབ་སྟེ་མི་བདེ་བ་ཡོང་གི་འདུག་གམ དེ་འདྲེ་ངས་གནོད་པ་བཏང་བ་ཡིན་ཞེས་བརྗོད་པ་རེད། ཡང་མཆོད་བྱེད་གཅིག་གིས་ཁྱིམ་ཚང་ཞིག་ལ་ལྷ་ཞུ་བར་ཕྱིན་པ་རེད། མར་ནས་ཡར་ཡོང་སྐབས་རྟ་གྲོད་ཁོག་ཆེན་པོ་ཞིག་མཐོང་བ་རེད། དེས་ལྷ་ཕབ་ཁུལ་བྱས་ཏེ་ལུང་བསྟན་བརྒྱབ་སྟེ་ངས་གྲོགས་འཕྲིན་ལས་བྱས་ནས་ཁྱེེད་རང་ཚོའི་རྟ་དེར་རྟིའུ་ཡག་པོ་ཞིག་སྐྱེ་བ་ཡོད་ཅེས་བརྗོད་སྐབས། ཁྱིམ་ཚང་གི་ཕས་རྟ་དེ་ཕོ་ཡིན་ཞེས་བརྗོད་ཀྱང་མཆོད་བྱེད་དེས་ཕོ་ཡིན་ཡང་རྟིའུ་སྐྱེ་པ་ཡོད་ཅེས་བརྗོད་པ་རེད། དེ་བཞིན་སྔོན་མ་ཨ་མདོའི་བླ་མ་ཞིག་ལ་ཆོས་དོན་གཉེར་བྱེད་མཁན་གྱི་དགོན་པ་གཅིག་ནས་ང་ཚོའི་དགོན་པར་ཕེབས་ཏེ་གསུང་ཆོས་གནང་རོགས་ཞེས་བརྗོད་པ་རེད། ཁོང་གི་ང་ལོ་ན་མཐོ་བའི་ཡོང་ཐུབ་པ་མི་འདུག་ཅེས་བརྗོད་ཀྱང་ཨུ་ཚུགས་བྱས་ཏེ་གསུང་ཆོས་མ་བྱུང་ཡང་བྱིན་རླབས་གནང་རོགས་ཞེས་བརྗོད་པར་བརྟེན་ཕེབས་ཏེ། གསུང་ཆོས་རྒྱས་ཐག་ཆོད་གནང་སྟེ་ང་སྡུག་ལྡན་གྱི་ལག་པ་མགོ་ལ་བཞག་ནས་བྱིན་རླབས་སྟེར་མཁན་དེ་མིན་ཞེས་གསུངས་ཡོད། དེར་བརྟེན་བསམ་བློ་བཏང་ནས་ཆོས་བྱས་ན་ཕན་གྱི་ཡོད་པ་ངོས་རང་གིས་ཉམས་མྱོང་ཐོག་ནས་བརྗོད་ཐུབ་པ་ཞིག་ཡིན་མ་གཏོགས་སྐྱབས་སུ་མཆི། བྱིན་རླབས་གནང་རོགས། བརྗོད་ཀྱང་བྱིན་རླབས་ཐོབ་རྒྱུ་མེད། ཁ་སྔོན་བི་ཧར་གྱི་རྒྱལ་ས་པ་ཊི་ནར་གཙུག་ལག་ཁང་ཡག་པོ་བརྒྱབ་འདུག་པ་དེར་བི་ཧར་མངའ་སྡེའི་བློན་ཆེན་མཆོག་གིས་ངོས་དེའི་སྒོ་འབྱེད་སྐབས་ཡོང་རོགས་བརྗོད་པ་ལྟར་བཅར་བ་ཡིན།
དེ་དུས་བློན་ཆེན་མཆོག་གིས་གསུང་བཤད་གནང་སྐབས་སྟོན་པ་བཀའ་དྲིན་ཅན་གྱིས་བྱིན་རླབས་ལ་བརྟེན་ནས། ང་ཚོ་བི་ཧར་མངའ་སྡེ་ཡར་རྒྱས་མྱུར་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་གསུངས་སོང་། དེ་རྗེས་ངོས་ཀྱིས་སྐད་ཆ་ཤོད་སྐབས་སྟོན་པ་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཐོག་ནས་བི་ཧར་མངའ་སྡེ་ཡར་འགྲོ་གི་ཡོད་ན། སྔ་མོ་ནས་ཡར་རྒྱས་འགྲོ་དགོས་པ་རེད་ཅེས་བརྗོད་པ་ཡིན། བཅོམ་ལྡན་འདས་ཀྱི་བྱིན་རླབས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཕྱིན་པ་དེའི་རིང་ལ་ཡོད་ཀྱང་བི་ཧར་སྐྱོ་པོ་བྱས་ནས་བསྡད་པ་རེེད། བི་ཧར་ཡར་རྒྱས་གང་འདྲ་བྱས་ནས་ཕྱིན་པ་རེད་ཅེ་ན། བི་ཧར་གྱི་མངའ་སྡེའི་བློན་ཆེན་འཇོན་ཐང་དང་སེམས་ཁུར་ཡོད་པ་ཞིག་བསླེབས་ནས་ཡར་རྒྱས་ཕྱིན་པ་རེད། དངོས་ཡོད་གནས་ཚུལ་ལ་སྟོན་པའི་བྱིན་རླབས་དེ་མངའ་སྡེའི་བློན་ཆེན་གྱི་ལག་པ་བརྒྱུད་ནས་ཡོང་དགོས་པ་རེད་མ་གཏོགས་བྱིན་རླབས་གཞན་ནས་ཡོང་རྒྱུ་མེད་ཅེས་བརྗོད་པ་ཡིན། དེ་བཞིན་ཁ་སྔོན་ཉི་ཧོང་གི་ཧི་རོ་ཤི་མར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཁག་གཅིག་ཚོགས་ཏེ་འཛམ་གླིང་ཞི་བདེ་ཡོང་རྒྱུའི་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་མཇུག་བསྡོམས་དེར་གཞུང་འབྲེལ་བྱས་ནས་ཚོགས་ཆེན་ཚོགས་པ་རེད། སྐབས་དེར་ཉི་ཧོང་གི་དམག་དཔོན་དང་མི་དམངས་མང་པོ་འདུག དེ་དུས་ངོས་ཀྱིས་སྒེར་པ་སོ་སོས་སེམས་ལ་ཞི་བདེ་ཡོང་རྒྱུར་སྨོན་ལམ་བརྒྱབ་ན་ཕྲན་བུ་ཕན་གྱི་རེད་མ་གཏོགས་འཛམ་གླིང་སྤྱི་ལ་སྨོན་ལམ་བརྒྱབ་ནས་ཞི་བདེ་ཡོང་ཐབས་མེད་པས་ཞི་བདེ་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་བརྗོད་པ་ཡིན། དེར་ཁོང་ཚོ་ཚང་མས་མོས་མཐུན་གཙང་མ་བྱེད་ཀྱི་འདུག ཅེས་བཀའ་སློབ་སྩལ་ཡོད། དེ་རྗེས་མི་སྐྱ་དགེ་བསྙེན་གྱི་སྡོམས་པ་ལེན་འདོད་ཡོད་པ་རྣམས་ལ་དགེ་བསྙེན་གྱི་སྡོམ་སྩལ་བ་དང་ཆབས་ཅིག་སེར་སྐྱ་ཡོངས་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་སྩལ་རྗེས་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་ཆེེ་བ་སྩལ་ཡོད་པ་བཅས།།