༢༠༡1 ཟླ་ ༡ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༤ ནས་ཚེས་ ༡༥ བར་ཨོ་སི་ཊོ་ལི་ཡའི་མངའ་སྡེ་ཀྲ་སི་མ་ནི་ཡའི་རྒྱལ་ས་ཧོ་བ་ཀྲི་ཁུལ་དུ་གནས་སྡོད་བོད་རིགས་དང་། བོད་དོན་རྒྱབ་སྐྱོར་བ། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་མི་སོགས་མཇལ་མོལ་ཆེད་ཕྱོགས་བསྐྱོད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༡༤ ཉིན་ཀན་བྷེ་ར་ནས་འཐོན་ཏེ་ཉིན་གུང་ཚོུད་ ༡ ཐོག་ཧོ་བ་ཀྲི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཁུལ་འདེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། ཉིན་རྒྱབ་རྒྱ་མིའི་ནང་པའི་ཆོས་ཚོགས་ཀྱི་དབུ་འཛིན་དང་དགེ་འདུན་པ་ཁག་དང་མཇལ་འཕྲད་ཀྱིས། ༸གོང་ས་མཆོག་གི་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་ནང་ཁུལ་མཛའ་མཐུན་ཡོང་ཐབས་བཅས་ཀྱི་ཐོག་མཛད་འཕྲིན་བསྐྱངས་དང་བསྐྱོང་བཞིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་། དེ་རྗེས་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་དབུས་ལས་ཁུངས་སུ་ཆེད་བཅར་ཞུས་ཏེ། ལས་བྱེད་རྣམས་ལ་འཚམས་འདྲི་དང་ཚོགས་པ་དེས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། དགོང་དྲོ་ཁུལ་དེར་གནས་སྡོད་བྱེད་བཞིན་པའི་བོད་རིགས་རྣམས་ལྷན་འཛོམས་ཐོག་དོན་གཅོད་ནས་བཙན་བྱོལ་བོད་གཞུང་འདི་མང་གཙོའི་གཞུང་ཞིག་ཡིན་པ་དང་། བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་སྐོར་དང་། ༸གོང་ས་མཆོག་ནས་བོད་རྒྱའི་དཀའ་རྙོག་དབུ་མའི་ལམ་གྱི་ཐོག་ནས་སེལ་རྒྱུ་དང་། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས། ཕྱི་རྒྱལ་དུ་གནས་སྡོད་བོད་མི་རྣམས་ནས་རྒྱ་ཆེའི་བོད་མིའི་སྐུ་ཚབ་གནང་ནས་བོད་ཀྱི་རྩ་དོན་ཐོག་ལས་འགུལ་སྤེལ་རྒྱུ་དང་། བོད་མིའི་ངོ་བོ་སྲུང་ཆེད་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་དར་འཕེལ་གནང་ཐབས་དང་། བོད་ཀྱི་ཆབ་འབངས་ཡིན་པའི་ཆ་ནས་རང་དབང་དཔྱ་ཕྲལ་འབུལ་དགོས་པ་སོགས་འགྲེལ་བརྗོད་གནང་བ་དང་། བོད་མི་རྣམས་ནས་སྟོན་པའི་འདྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད།
ཡང་ཕྱི་ཚེས་ ༡༥ ཉིན་ཀྲ་སི་མ་ནི་ཡའི་ Royal Tasmania Botanical Garden ནང་གི་ཟ་ཁང་ཞིག་ནང་བོད་དོན་རྒྱབ་སྐྱོར་བ་དང་། བོད་བརྒྱུད་ནང་པའི་ཆོས་ཚོགས་ཀྱི་འཐུས་མི། བོད་རིགས་བཅས་མི་གྲངས་ ༤༠ ཙམ་ཚང་འཛོམས་ཐོག སྐུ་ཚབ་དོན་གཅོད་ནས་བཙན་བྱོལ་བོད་གཞུང་གི་མང་གཙོའི་གནས་བབ་དང་། བཀའ་བློན་ཁྲི་པའི་འོས་བསྡུ། ༸གོང་ས་མཆོག་ནས་བོད་ཀྱི་དཀའ་རྙོག་ཞི་བའི་ཐོག་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་སེལ་རྒྱུའི་སྲིད་བྱུས། བོད་རྒྱའི་འབྲེལ་མོལ་གྱི་གནས་སྟངས་བཅས་འགྲེལ་བརྗོད་ཞུས་རྗེས་འདྲི་བ་ཁག་ལ་ལེན་འདེབས་ཡང་གནང་ཡོད་པ་བཅས།།