༢༠༡༡ ཟླ་ ༡ ཚེས་ ༢༡ རེས་གཟའ་པ་སངས།
༅༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༢ ཉིན་རྒྱ་གར་མ་ཧཱ་རཱཤ་ཊའི་མངའ་སྡེའི་གྲོང་ཁྱེར་ཨོ་རངྒཱ་བྷཱཌ་(Aurangabad)ནང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་ཆེན་སྐབས་བཙན་བྱོལ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ངག་དབང་ལྷ་མོ་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་ཆེན་སྐབས་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་(Mayor) མཆོག་དང་མ་ཧཱ་རཱཤ་ཊའི་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་(MLA)གསུམ། གཞན་ཡང་བོད་མི་བཅོ་ལྔ་བཅས་ཁྱོན་མི་གྲངས་ ༤༠༠ ཙམ་ཕེབས་ཡོད། ལྷན་ཚོགས་སྐབས་སྤྱིར་བོད་ནང་གི་གནས་སྟངས་དང་ལྷག་པར་བོད་ཀྱི་ཁོར་ཡུག་གནས་སྟངས་སོགས་ཀྱི་སྐོར་ལ་ཞིབ་ཕྲ་བགྲོ་གླེང་གནང་འདུག སྐབས་དེར་སྤྱི་འཐུས་རྒྱུན་ལས་ངག་དབང་ལྷ་མོ་ལགས་ཀྱིས་བོད་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དེས་རྒྱ་གར་ཐེ་བས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་དོ་ཕོག་བྱུང་ཚུལ་སོགས་ཀྱི་ངོ་སྤྲོད་ཟབ་རྒྱས་གནང་བ་དང་། ཕྱོགས་མཚུངས་བོད་རྒྱ་འབྲེལ་མོལ་གྱི་ད་ལྟའི་གནས་བབ་ཇི་འདྲ་ཡིན་མིན་སོགས་ཀྱི་སྐོར་ལའང་གསལ་བཤད་གནངཡོད།
གཞན་ཡང་ཚོགས་བཅར་བ་སོ་སོ་བརྒྱུད་རྒྱ་གར་ཡུལ་མི་རྣམས་ཀྱི་ས་གནས་དང་རྒྱ་གར་དབུས་སྲིད་གཞུང་ལ་རྒྱ་ནག་གཞུང་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དབར་བགྲོ་གླེང་ལ་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུ་དགོས་ཚུལ་གྱི་བསམ་ཆར་བཏོན་པ་དང་སྦྲགས། བོད་ཀྱི་གནད་དོན་སེལ་ཆེད་གྲོས་ཆོད་དོན་ཚན་གསུམ་བཞག་ཡོད་པ་རྣམས་ནི།
༡༽ གྲོང་ཁྱེར་ཨོ་རངྒཱ་བྷཱཌ་ནང་ཧིན་བོད་མཛའ་འབྲེལ་གྱི་ཚོགས་པ་གསར་འཛུགས་བྱ་རྒྱུ།
༢༽ བོད་ཀྱི་གནད་དོན་ཁྱབ་བརྡལ་ཆེད་ལས་འགུལ་འདྲ་མིན་སྤེལ་རྒྱུ།
༣༽ མ་ཧཱ་རཱཤ་ཊའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་གསར་འཛུགས་བྱ་རྒྱུ་ཡིན་འདུག་པ་བཅས།།
ཧིན་བོད་མཛའ་འབྲེལ་ཚོགས་པས་བོད་དོན་ཆེད་གྲོས་ཆོད་བཞག་པ།
གསར་གནས།
འབྲེལ་གནས།