༢༠༡༡ ཟླ་ ༡ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་གཞུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། རེས་གཟའ་ཟླ་བ་ཉིན་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་དང་། རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས། དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་འཚམས་འདྲི་གནང་བཞིན་པའི་པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱ་རིགས་མཁས་དབང་སྐུ་ཞབས་ཡོན་ཧུང་པིང་དང་ཐུག་འཕྲད་གནང་ཡོད། ཁོང་ནི་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་ནང་དང་འབྲེལ་བ་ཆེ་ཞིང་། རྒྱུན་དུ་རྒྱ་ནག་གི་གནད་དོན་ལ་ཐུགས་སྣང་གནང་མཁན་ཞིག་ཡིན་པར་བརྟེན། སྐུ་ཚབ་དོན་གཅོད་ཀྱིས་རྒྱ་ནག་གི་མིག་སྔའི་སྤྱི་ཚོགས་དང་། ཆབ་སྲིད་ཀྱི་སྐོར་ལ་གནས་ཚུལ་མཁྱེན་རྟོགས་ཆེད་ཁོང་ལ་གནད་དོན་མང་པོའི་ཐོག་བཀའ་འདྲི་གནང་བ་ཕུད། ཕྱོགས་ཕན་ཚུན་གཉིས་ཀྱི་མི་ཚེའི་ལོ་རྒྱུས་དང་། ལས་ཀའི་ཉམས་མྱོང་ཡང་གླེང་མོལ་གནང་ཡོད། སྐུ་ཞབས་ཡོན་ཧུང་པིང་གིས་བཙན་བྱོལ་བོད་གཞུང་གིས་རྒྱ་རིགས་མི་མང་དང་འབྲེལ་ལམ་ཤུགས་ཆེར་གཏོང་རྒྱུའི་ཐག་གཅོད་གནང་བ་དེ་ནི་སྲིད་བྱུས་ཡང་དག་པ་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་ཆབས་ཅིག་མ་འོངས་པར་བྱང་ཨ་རི་སོགས་ཕྱི་རྒྱལ་ཙམ་མ་ཡིན་པར། རྒྱ་ནག་ནང་གི་ཤེས་ཡོན་ཅན་དང་། ལྷག་པར་དུ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ཡོད་པའི་རྒྱ་རིགས་རྣམས་ལ་འབྲེལ་བ་སྔར་ལས་རྒྱ་ཆེར་གཏོང་དགོས་པའི་ལྷག་བསམ་གྱི་དགོངས་འཆར་གནང་། ཁོང་ནི་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་དེ་རང་ཡུལ་རྒྱ་ནག་ནས་ཕྱི་རྒྱལ་དུ་བཙན་བྱོལ་ལ་ཕེབས་ཤིང་། དེང་སྐབས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌེ་ནིར་བཞུགས་མུས་ཡིན། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༨ པར་སྐུ་ཞབས་ཡོན་ཧུང་པིང་གིས་འཇི་ནི་ཝར་སྐོང་ཚོགས་བྱས་པའི་རྒྱལ་སྤྱིའི་རྒྱ་བོད་ཚོགས་ཆེན་ལ་མཉམ་ཞུགས་གནང་ཡོད། འདས་མ་ཐག་པའི་ལོ་སྔོན་མའི་ནང་བོད་གཞུང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་ཞུས་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཡང་འཚམས་གཟིགས་ལ་ཕེབས་ཡོད། དེ་བཞིན་ཁོང་གིས་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་བརྒྱུད་ཐེངས་འདིར་ནིའུ་ཡོཀ་གྲོང་ཁྱེར་ནང་བོད་མི་མང་ཚོགས་ཁག་གཅིག་ངོ་ཐུག་གནང་འདོད་ཡོད་པའི་རེ་འདུན་གནང་སྟེ། སྐུ་ཚབ་དོན་ཁང་ནས་གོ་སྒྲིག་ཞུས་པ་ལྟར་བོད་མི་གཞོན་སྐྱེས་ཁག་གཅིག་ངོ་ཐུག་གནང་རྗེས་བོད་རིགས་གཞོན་སྐྱེས་རྣམ་པའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་ཚད་མཐོའི་འདེང་འཇོག་གནང་གི་འདུག སྐུ་ཞབས་ཡོན་ཧུང་པིང་དང་གླེང་མོལ་བྱས་པའི་བརྒྱུད་རིམ་ནང་ཁོང་གིས། སྔ་ལོ་ཁོང་དང་རོགས་པ་ཁག་གཅིག་བཞུགས་སྒར་དུ་བཅར་ནས་༸གོང་ས་མཆོག་གི་མཇལ་ཁ་ཞུ་སྐབས་ང་ཚོའི་རོགས་པ་ཕོ་གསར་ལོ་ཆུང་ཞིག་ཡོད་པ་དེར་༸གོང་ས་མཆོག་གིས་ཕྱག་གཉིས་བཏང་ནས་དབུ་སྒུར་སྒུར་གནང་ཞིང་། རྗེས་སུ་ཕོ་གསར་དེས་དེའི་སྐབས་ཀྱི་སྐུ་པར་མཇལ་དུས་མིག་ནས་མཆི་མ་ལྷུང་ལྷུང་དུ་གཏོང་གི་འདུག ༸གོང་ས་མཆོག་ནི་མཚན་སྙན་ཧ་ཅང་ཆེ་བའི་དབུ་ཁྲིད་གཅིག་ཡིན་ཡང་། གང་ཟག་མཐོ་དམན་བར་གསུམ་ཡོངས་ལ་གུས་བརྩི་གནང་སྟངས་དེ་ནི་ཧ་ལས་དགོས་པ་ཞིག་ཡིན་པ། གོང་གི་དཔེ་མཚོན་ལྟར་རེད་ཅེས་སེམས་འགུལ་ཐེབས་དགོས་པའི་བཀའ་མོལ་གསུང་གི་འདུག གླེང་མོལ་གྲུབ་རྗེས་ཁོང་གིས་འབྲི་རྩོམ་གནང་བའི་བོད་དོན་སྐོར་གྱི་དབྱིན་ཡིག་ཕྱག་དེབ་གཅིག་སྐུ་ཚབ་དོན་གཅོད་དང་། རྒྱ་ཡིག་གི་ཕྱག་དེབ་གཅིག་ཟུང་དྲུང་ཀུན་དགའ་བཀྲིས་ལ་ཕུལ་ཡོད། དོན་གཅོད་ནས་ཀྱང་རྒྱ་ཡིག་ཐོག་ཡོད་པའི་ཕྱག་དེབ་ཁག་གཅིག་སྐུ་ཞབས་ཡོན་ཧུང་པིང་ལ་ཕུལ་ཡོད་པ་བཅས།།
ཨ་རི་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱ་རིགས་མཁས་དབང་ཞིག་དང་ཐུག་འཕྲད་གནང་བ།
གསར་གནས།
འབྲེལ་གནས།