༢༠༡༡ ཟླ་ ༡ ཚེས་ ༧ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༧ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་ཐོག་རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ལྔ་པ་ཚོགས་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སཱ་ར་མཐོ་སློབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས། རིགས་སློབ་མ་ལག་གཉིས་ཀྱི་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། སཱ་ར་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། རྒྱ་གར་རྒྱལ་ཡོངས་བོད་རིགས་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མའི་ཚོགས་བཅར་བ་སྐུ་ཚབ་རྣམ་པ། སཱ་ར་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མི་མི་གྲངས་ ༥༠༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གི་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་ཕུལ། དེ་ནས་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ་སློབ་མ་ལུང་རྟོགས་ལགས་ཀྱིས་ཚོགས་ཆེན་གྱི་བྱུང་རབས་དང་།
ཚོགས་ཆེན་གོ་སྒྲིག་གི་ཚོགས་གཙོ་སློབ་མ་བསྟན་འཛིན་བཀྲ་ཤིས་ལགས་ཀྱིས་ཚོགས་ཆེན་དམིགས་དོན་ངོ་སྤྲོད་གསུང་བཤད་གྲུབ་མཚམས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་དབྱིན་བོད་གཉིས་ལྡན་གྱི་དྲྭ་རྒྱ་ (www.tcsc.net.in) དབུ་འབྱེད་དང་། སྐུ་མགྲོན་གཙོ་བོ་མཆོག་གིས་བཀུར་འོས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་མ་ཐུན་མོང་གི་བཀའ་དྲིན་རྗེས་དྲན་གཟེངས་རྟགས་དང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དང་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ལགས་སུ་བྱེས་བཞུགས་བོད་རིགས་མཐོ་རིམ་སློབ་གྲྭ་ཐུན་མོང་གི། དཔའ་བོའི་སྙིང་སྟོབས་ཀྱི་རྟགས་མ། ཞེས་པའི་གཟེངས་རྟགས་དང་། ཐེངས་འདིའི་འགྲན་རྩོམ་ཨང་རིམ་ཐོབ་མཁན་རྣམས་དང་ཚོགས་ཆེན་གྱི་དྲྭ་རྒྱ་གསར་བཟོ་གནང་མཁན་སློབ་མ་བཀྲིས་ཚེ་རིང་ལགས་སུ་གཟེངས་བསྟོད་གསོལ་རས་གནང་སྒྲུབ་མཚམས་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་མཐོ་སློབ་ངོ་སྤྲོད་གནང། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན།
བོད་རིགས་མཐོ་རིམ་སློབ་གཉེར་བ་ཚོས་ཕྱི་ལོ་ ༢༠༠༦ ནས་ཟུང་ལོ་ལྟར་ལོ་འཁོར་ཚོགས་ཆེན་རེ་གནང་གི་ཡོད། དེའི་སྟེང་ནས་སློབ་མ་ཚོས་ཕན་ཚུན་གོ་རྟོགས་སྤེལ་རས་གནང་རྒྱུ་དང་སྐབས་བབ་སྤྱི་ཚོགས་དང་ཆབ་སྲིད་ཀྱི་གནས་བབ་ཐོག་ལ་གོ་བསྡུར་གནང་རྒྱུ་དེ་བཞིན་སོ་སོའི་དཀའ་ངལ་ཐོག་གོ་བསྡུར་གནང་རྒྱུར་ཕན་ཐོགས་ཆེན་པོ་ཞེ་དྲག་ཡོང་བཞིན་ཡོད། ཁྱེད་རང་ཚོས་རང་སྐྱ་འཕེར་བའི་ཐོག་ནས་ཚོགས་འདུ་གོ་སྒྲིག་ཆེད་དཔལ་འབྱོར་འདུ་འགོད་ཚང་མ་ཐུབ་པ་མ་ཟད། ལོ་ལྟར་ཚོགས་ཐུབ་པ་དེ་ཞེ་དྲག་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་འདྲ་ཡིན་དུས་ང་རང་སྒེར་དང་བཙན་བྱོལ་བོད་གཞུང་ངོས་ནས་ཚོགས་འདུ་གོ་སྒྲིག་གནང་མཁན་ཚོ་དང་ཚོགས་འདུར་ཕེབས་མཁན་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཁྱོན་ཡོངས་ཀྱི་བོད་མི་རིགས་ཀྱི་གནས་བབ་དེ་ད་ལྟ་ག་འདྲ་ཞིག་ཆགས་ཡོད་དམ། ང་ཚོས་བཀའ་མོལ་གནང་རྒྱུ་མང་པོ་ཡོད། འོན་ཀྱང་གཏིང་ཟབ་པོ་ཞིག་གི་ཐོག་ནས་རང་ཉིད་ཐེ་བས་བོད་དང་བཙན་བྱོལ་ལ་ཡོད་མཁན་གྱི་བོད་མི་རིགས་འདི་འཇིག་རྟེན་གྱི་མི་རིགས་སྤྱི་ཡོངས་ཀྱི་ནང་འབུར་དུ་འཐོན་པའི་ཤེས་ཡོན་དང་རྩོམ་རིག་གི་ལག་རྗེས་ཡོད་པའི་མི་རིགས་དེ་ད་ལྟའི་གནས་བབ་ལ་ག་འདྲ་ཞིག་ཆགས་ཡོད། མ་འོངས་པའི་ཚོད་དཔག་གང་འདྲ་ཐིག་གི་ཡོད། དེའི་ཆེད་དུ་ད་ལྟ་མི་རིགས་དེའི་ནང་དུ་སྐྱེས་ནས་འཚར་ལོངས་བྱེད་བཞིན་པའི་ན་གཞོན་ཚོར་འགན་ག་འདྲ་ཞིག་ཡོད། དེ་ཚོ་ཕྱོགས་རེ་བ་དང་རགས་པ་ཙམ་མིན་པར་ཕྱོགས་ཡོངས་ནས་གཏིང་ཟབ་པོ་ཞིག་དགོངས་པ་བཞེས་དགོས་རྒྱུ་དེ་དུས་ཀྱི་དགོས་མཁོ་དང་བྱུང་རབས་ཀྱི་གནད་དོན་ཞིག་ལ་ཐུག་ཡོད་པ་དེ་ཞེ་དྲག་གསལ་པོ་རེད།
ད་རིང་ཁྱེད་རང་ཚོས་གླེང་གཞི། རང་ངོ་རང་ཤེས་དང་རང་འགན་རང་ཁུར། ཟེར་བ་དེ་ཡག་པོ་ཞེ་དྲག་འདམས་འདུག སྤྱི་ཚོགས་དང་ཆབ་སྲིད་ངོས་ནས་བལྟས་པ་ཡིན་ནའང་སོ་སོའི་ངོས་འཛིན་ཟེར་ཡག་དེ་གལ་ཆེན་པོ་ཞེ་དྲག་ཆགས་ཡོད། ལྷག་པར་དུ་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་སྡོད་མཁན་ཚོས་ཕྱོགས་གཅིག་ནས་ཚན་རིག་དང་འཕྲུལ་ལས་ཀྱི་ཡར་རྒྱས་དང་དེའི་དབང་གིས་དཔལ་འབྱོར་གྱི་འདུ་འགོད་ལ་བརྟེན་ནས་གོ་ལ་གཅིག་འགྱུར་གྱི་ལམ་སྲོལ་ཤུགས་ཆེན་པོ་ཞིག་བསླེབས་ཡོད། གོ་ལ་གཅིག་གྱུར་གྱི་ལམ་སྲོལ་དེའི་ནང་ལ་སྒེར་དང་སྤྱི་ཚོགས་བྱེ་བྲག་པའི་གནས་བབ་དེ་རིམ་པས་ཡལ་འགྲོ་རྒྱུ་དང་། གཅིག་གྱུར་གྱི་གནས་བབ་གསར་པ་ཞིག་ཡོང་རྒྱུའི་ཤུགས་རྐྱེན་ཤུགས་ཆེན་པོ་ཞིག་ཡོད་པ་དེ་གསལ་པོ་ཞེ་དྲག་རེད། དེའི་སྐབས་ལ་དམིགས་བསལ་གྱི་དཀའ་ངལ་ཞིག་གང་ལ་ངོས་འཛིན་བྱེད་ཀྱི་ཡོད། སོ་སོའི་ངོ་བོ་དང་ངོས་འཛིན་དེ་བརླག་འགྲོ་རྒྱུ་དང་མ་ཤེས་པ་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ་བྱེད་དགོས་པ་ཞིག་ཀྱང་རེད། དབྱིན་སྐད་དུ་ཨའི་ཌེན་ཌི་ཊི་དཀའ་ངལ་ (Identity Crisis) ཟེར་བ་དེ་རེད། ད་ལྟའི་འཇིག་རྟེན་འདིའི་ནང་ངོས་འཛིན་གྱི་དཀའ་ངལ་ཟེར་བ་དེ་རྙོག་འདྲ་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་ལ་དངོས་ཡོད་གནས་ཚུལ་ཞིག་ཀྱང་ཆགས་ཡོད། དཔལ་འབྱོར་འདྲ་མཉམ་མིན་པའི་དབུལ་ཕོངས་ཀྱི་དཀའ་ངལ། འཚེ་བའི་སྟོབས་ཤུགས་ཆེ་རུ་ཕྱིན་པ། དམག་དང་དམག་གི་མཚོན་པའི་འཇིགས་སྐུལ་རིང་ལུགས་པའི་གནས་སྟངས། ཁོར་ཡུག་ཉམས་ཆག དཔལ་འབྱོར་གྱིས་ཤུ་བཞོག ཆོས་ལུགས་ཀྱི་འཐེན་ཁྱེར་དེ་འདྲའི་གནས་ཚུལ་གང་ལ་ལྟས་པ་ཡིན་ནའང་ད་ལྟའི་ང་ཚོའི་མི་རབས་འདིེར་སྡུག་བསྔལ་སྐྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེའི་སྐབས་ལ་རང་ངོ་རང་གིས་ཤེས་པ་ཞིག་མ་བྱུང་བ་ཡིན་ན་རང་ངོ་མ་ཤེས་པ་དེ་ཕྱོགས་གཅིག་ནས་བྱ་བ་གང་འདྲ་ཞིག་བརྩམ་པ་ཡིན་ནའང་དེའི་འགོ་འཛུགས་ཀྱི་ངོས་འཛིན་གསལ་པོ་མེད་པ་དང། ལྷག་པར་དུ་བརྩོན་འགྲུས་ཀྱི་འགལ་རྐྱེན་ཆེ་ཤོས་ནང་ལེ་ལོ་རྣམ་པ་གསུམ་ཡོད་པའི་ལེ་ལོ་སྡུག་ཤོས་དེ་བདག་ཉིད་ལ་བརྙས་པའི་ལེ་ལོ་ཟེར་བ་དེ་རེད། རང་ངོ་རང་གིས་མ་ཤེས་པ་དང་། རང་ངོ་རང་གིས་མ་ཤེས་པའི་དབང་གིས་རང་གི་སྐྱོན་དེ་ཡང་སོ་སོས་མ་ཤེས་པ་བྱས་ནས་ངས་ཡོང་གི་མ་རེད་བསམ་པའི་བདག་ཉིད་ལ་བརྙས་པའི་ལེ་ལོའི་དབང་གིས་གནས་ཚུལ་མང་པོ་ཞིག་ཕྱི་བཤོལ་འགྲོ་རྒྱུའི་ཉན་ཁ་ཡོད་པ་ཞིག་རེད་ཅེས་སོགས་ཀྱི་གསུང་བཤད་གནང།
དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། འདིར་ཕེབས་པ་ཚང་མ་ལོག་ཤེས་ཡོན་ལ་སློབ་སྦྱོང་ཆུ་ཚད་མཐོ་པོ་ཕེབས་ཟིན་པ་ཤ་སྟག་ཡིན་དུས་ཤེས་ཡོན་སློབ་སྦྱོང་བྱེད་པའི་དགོས་པ་གང་ཡིན་པ་དེ་དག་ཐུགས་སུ་ཆུད་དེ་ཉམས་སུ་མྱོང་བ་ཡིན་དུས་ངས་མང་པོ་ཞུ་མི་དགོས། ཡོན་ཏན་ཟེར་དུས་སློབ་སྦྱོང་བྱས་ཏེ་རིག་པ་བཀྲ་བོ་ཆགས་པ་དང་། གཙོ་བོ་སེམས་རྒྱུད་ལ་བཟང་ཕྱོགས་ཀྱི་ཡར་རྒྱས་གཏོང་ཡག་དེ་འདྲ་ཞིག་ལ་ཡོན་ཏན་ཟེར་གྱི་ཡོད། མི་ཆོས་རིང་ལུགས་ཟེར་ནའང་འདྲ་ང་ཚོ་གང་འདྲ་བྱས་ཏེ་མི་ཆགས་ཀྱི་ཡོད་པའི་གཞི་རིམ་གྱི་ཡོན་ཏན་དེ་ང་ཚོར་དགོས་ཡག་གལ་ཆེན་པོ་ཆགས་ཡོད། དེ་འདྲ་ཞིག་ཡོད་པའི་ཐོག་ནས་རིག་གནས་གཞན་ལ་སློབ་སྦྱོང་བྱས་པ་ཡིན་ན་བྱེད་རིན་ཆོག་པ་ཞིག་རེད། གནའ་རབས་ཨེ་ཤི་ཡའི་རིག་གཞུང་དང་སྲོལ་རྒྱུན་གྱི་ཐོག་ནས་མི་བཟང་པོ་ཞིག་ཆགས་ཐུབ་ཆེད་ཤེས་ཡོན་གྱི་ལམ་ལུགས་ཤིག་ཡོད། མི་བཟང་པོ་ཞིག་ཡོང་རྒྱུར་དམིགས་ཏེ་སློབ་སྦྱོང་བྱ་རྒྱུའི་ཨེ་ཤི་ཡའི་ཤེས་ཡོན་གྱི་ལམ་སྲོལ་དེ་དེང་སང་འཛམ་གླིང་མི་ཚང་མས་གལ་ཆེན་པོར་བརྩིས་སྟེ་དོ་སྣང་བྱེད་བཞིན་ཡོད། ཉེ་ལམ་རྒྱ་ནག་ལ་ཆ་མཚོན་ན་དཔལ་འབྱོར་དང་སློབ་སྦྱོང་ཐོག་ནས་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ནའང་རིག་གནས་གསར་བརྗེ་བྱུང་བའི་ཤུགས་རྐྱེན་ཐེབས་པར་བརྟེན་མིའི་གཞི་རིམ་གྱི་ཀུན་སྤྱོད་ཀྱི་རྨང་གཞི་བརྟན་པོ་མེད། དཔེར་ན་རིག་གནས་གསར་བརྗེའི་སྐབས་ཕྲུ་གུས་ཕ་མ་བརྡུང་པ་ལ་སོགས་པའི་གནས་ཚུལ་ཐབས་སྡུག་མང་པོ་བྱུང་བར་བརྟེན་དེའི་བག་ཆགས་མཐུག་པོ་ཡོད། རྒྱ་རིགས་གཞོན་སྐྱེས་མང་པོ་ཞིག་ལ་མི་ཞིག་ཡིན་པའི་བསམ་ཤེས་དང་འགན་ཁུར་ཐད་གོ་རྟོགས་དེ་ཙམ་མེད་རྐྱེན་སློབ་སྦྱོང་གི་ཆུད་ཚད་མཐོན་པོར་སོན་པ་ཡིན་ནའང་མི་བཟང་པོ་ཞིག་ཆགས་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད། དཔེར་ན་ན་གཞོན་ཁྲོད་ཁྲིམས་བརྒལ་བྱེད་མཁན་རིགས་ཇེ་མང་དུ་འགྲོ་བཞིན་ཡོད། ད་ཆ་རྒྱ་རིགས་མང་པོ་ཞིག་གིས་སྔ་མོའི་རྒྱ་ནག་གི་སྲོལ་རྒྱུན་གྱིི་མི་ཆོས་རིང་ལུགས་ཐོག་སློབ་གསོ་སྤྲོད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་བརྗོད་མཁན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སཱ་ར་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་མཇུག་བསྡོམ་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།།