༢༠༡༡ ཟླ་ ༡ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༠ ཉིན་དབུ་འཛུགས་གནང་བའི་བོད་སོག་ལར་རྒྱ་གཅིག་གྱུར་གྱི་ཆིངས་ཡིག་གལ་གནད་སྐོར་གྱི་བགྲོ་གླེང་ཚོགས་འདུ་དེ་བཞིན་ཕྱི་ཚེས་ ༣༡ ཉིན་མཇུག་བསྡོམས་གནང་ཡོད། ཚོགས་འདུ་སྐབས་གསུང་བཤད་གནང་མཁན་མི་སྣ་བདུན་ཡོད་པ་རྣམས་ནི་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་ས་རཱའི་རྒྱལ་རབས་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས། ཨ་རིའི་ཨིན་ཌི་ཡ་ནའི་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེལ་ལི་ཡོཊ་༝སི་པར་ལིང་ལགས། (Prof. Elliot Sperling) ཁེ་ཎ་ཌ་བྷིར་ཊི་ཤི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭའི་མཁས་དབང་ཚེ་རིང་ཤཀྱཱ་ལགས། ཝར་ཎ་མཐོ་སློབ་ཀྱི་རྒྱལ་རབས་མཁས་དབང་སློབ་དཔོན་བྱམས་པ་བསམ་གཏན་ལགས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་དང་ལོ་རྒྱུས་ཉམས་ཞིབ་པ་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་བཅས་ཡིན་འདུག
ཕྱི་ཚེས་ ༣༡ ཉིན་བགྲོ་གླེང་ཚོགས་འདུའི་མཇུག་བསྡོམས་སྐབས་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་མཁས་དབང་རྣམ་པ་བདུན་དང་ཚོགས་འདུ་ཉིན་དང་པོའི་སྐབས་གསུང་བཤད་གནང་མཁན་ཚོར་བཀའ་ཤག་གིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལོ་གཅིག་གཉིས་གོང་ལ་བོད་སོག་ཆིངས་ཡིག་གི་བགྲོ་གླེང་ཚོགས་འདུ་དེ་འདྲ་ཞིག་ཨ་རིར་ཚོགས་རྒྱུ་བྱས་ཀྱང་ཚོགས་ཐུབ་མེད།
ཕྱི་ལོ་ ༢༠༡༣ ལོར་ཆིངས་ཡིག་དེ་ལོ་བརྒྱ་འཁོར་བའི་དུས་དྲན་དང་བསྟུན་སོག་པོའི་སྲིད་གཞུང་དང་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་གཉིས་ངོས་ནས་རྗེས་དྲན་དང་ཆིངས་ཡིག་དེའི་སྐོར་བགྲོ་གླེང་ཡོང་མདོག་ཁ་པོ་རེད་སྙམ་གྱི་འདུག འདིར་མཁས་དབང་ཚོས་གསུངས་པ་བཞིན་ཆིངས་ཡིག་དེ་སྔ་མོ་སོག་པོ་ཚོས་དྲིལ་བསྒྲགས་དེ་ཙམ་བྱེད་ཀྱི་མེད། འོན་ཀྱང་འདས་པའི་ལོ་འགའ་ཤས་ནང་ཁོང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་གི་ཐོག་ནས་ཆིངས་ཡིག་དེ་དྲིལ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱུང་བ་ཞིག་རེད། དྲིལ་བསྒྲགས་བྱ་རྒྱུའི་ཐག་གཅོད་བྱུང་བའི་སྐབས་སུའང་བཙན་བྱོལ་སྒྲིག་འཛུགས་དང་ནང་དོན་གོ་བསྡུར་གྱི་ཐོག་ནས་ཐག་གཅོད་བྱུང་བ་ཞིག་རེད། ང་རང་སྒེར་ལྟ་བུར་མཚོན་ན་ཆིངས་ཡིག་དེ་གསལ་པོ་དང་དྲིལ་བསྒྲགས་བྱ་རྒྱུའི་སེམས་ཤུགས་དེ་ཙམ་ཡོད་མཁན་ཞིག་མིན། ཆིངས་ཡིག་དེའི་ནང་འཁོད་པའི་རྒྱུ་ཆ་ཡོངས་རྫོགས་ད་ལྟ་བཙན་བྱོལ་གཞུང་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མ་མཐུན་པ་འགའ་ཤས་ཤིག་ཡོད། དེར་བརྟེན་ང་ཚོས་ཆེད་དུ་མངགས་ནས་འདི་ཆེན་པོ་བཟོས་ན་སོ་སོའི་ལངས་ཕྱོགས་དང་མ་མཐུན་པ་དེ་དག་ཁས་ལེན་བྱེད་མཁན་ལྟ་བུ་ཆགས་ཀྱི་འདུག གང་ལ་ཞེ་ན། ཆིངས་ཡིག་དེ་འགོ་བཙུགས་དུས་ནས་སོག་བོད་གཉིས་མན་ཇུའི་མངའ་འོག་ནས་རང་བཙན་མཉམ་དུ་ཐོབ་པ་དང། དེའི་རྒྱུ་མཚན་ལ་བརྟེན་ནས་དེ་རིང་ང་ཚོ་ཆིངས་ཡིག་བཞག་གི་ཡིན་ཞེས་འདི་ལྟར་བརྗོད་ཡོད། སོག་པོ་མན་ཇུའི་མངའ་འོག་ཏུ་ཆ་ཚང་ཡོད་པ་དེ་རྒྱལ་སྤྱིའི་ནང་སྨྲོས་མེད་རེད། བོད་པས་ ༥༡ བར་མན་ཇུ་དང་སོག་པོ་གང་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་མངའ་དབང་བསྐྱར་གསོ་གནང་བ་ནས་བཟུང་སྟེ་ ༥༡ བར་རྒྱལ་སྤྱིའི་ཁྲིམས་མཐུན་གྱི་མན་ཇུ་འོག་ཕྱིན་མེད་ཅེས་བརྗོད་ཀྱི་ཡོད། ང་ཚོའི་ངོས་ནས་ཁེ་ཕན་ཡོད་དུས་ཡོད་ཤག་ཤག་དང་དཀའ་ངལ་འཕྲད་དུས་མེད་མདོག་མདོག་བྱས་པ་མ་གཏོགས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཞིབ་ཚགས་པོ་བལྟས་ན། མན་ཇུའི་མངའ་འོག་ཏུ་ང་ཚོའི་མངའ་ཐང་ཆ་ཚང་མེད་པ་བྱས་ནས་ཕྱིན་པ་དེ་ད་ལྟ་ང་ཚོས་ངོས་འཛིན་བྱེད་ཀྱི་མེད། དེ་ངོས་འཛིན་བྱེད་མི་དགོས་པའི་རྒྱུ་མཚན་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་མཉམ་སྐད་ཆ་ཤོད་སྐབས་ཕྱོགས་གཉིས་ཀ་ནས་གུ་བཤངས་བྱེད་མི་ཐུབ་པའི་འགལ་ཟླ་གཙོ་བོ་བྱུང་རབས་ཀྱི་གནས་སྟངས་ཐོག་ལ་ཆགས་ཡོད། དེའི་ཐོག་གཞན་ཞིག་ག་རེ་མཚོན་གྱི་ཡོད་རེད་ཞུས་ན། སྐབས་དེ་དུས་༸གོང་ས་སྐུ་ཕྲེང་ ༡༣ པ་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་བོད་ཀྱི་མངའ་དབང་ད་ལྟ་ངས་བོད་ཀྱི་མངའ་དབང་ཞེས་པ་དེ་དབྱིན་ཇིའི་ཚིག་གི་ཐོག་(Sovereignty) ཞེས་པའི་དོན་དག་བེད་སྤྱོད་བྱེད་ཀྱི་ཡོད། བོད་ཀྱི་མངའ་དབང་རྒྱལ་སྤྱིའི་ནང་མངོན་པར་གསལ་བ་མཛད་རྒྱུའི་དགོངས་པ་རླབས་ཆེན་རྒྱུན་རིང་པོ་བཞེས་པ་རེད། འོན་ཀྱང་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་གང་ཡོད་པ་བཞིན་ལག་བསྟར་བྱས་ནས་ཕྱག་ལས་གནང་ཐུབ་མཁན་གྱི་སྲི་ཞུའི་ལས་བྱེད་པ་ཧ་ཅང་དཀོན་པོ་ཆགས་པའི་ཉེར་ལེན་ལ་བརྟེན་ནས་དེ་རིང་འདིར་མཁས་དབང་ཚོས་གསུངས་པ་ལྟར་རེད། ཁ་ཤས་ནི་གཞུང་གི་གནད་ཆེན་དོན་དག་བཞག་ནས་ཕྲུ་གུ་སྐྱེས་རྒྱུའི་དོན་དུ་བྲོས་དགོས་པ་དེ་འདྲ་ཡང་བྱུང་ཡོད། ཅེས་སོགས་ཀྱི་གསུངས་བཤད་གནང་ཡོད། དེ་རྗེས་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་བསྟུན་ཕྱི་དྲིལ་བཀའ་བློན་སྐལ་བཟང་དབྱངས་སྐྱིད་སྟག་ལྷ་མཆོག་གིས་གཏམ་བཤད་པ་རྣམས་ལ་ཕྱག་རྟགས་དང་མཇལ་དར་ཕུལ་ཡོད་པ་བཅས།།