༢༠༡༡ ཟླ་ ༡ ཚེས་ ༡༤་རེས་གཟའ་པ་སངས།
༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་༸གོང་ས་མཆོག་གིས་ཝྭར་ཎ་གཙུག་ལག་སློབ་གཉེར་ཁང་གི་གླིང་ཁའི་ནང་ཕྱི་རྒྱལ་ཡུལ་གྲུ་དབྱིན་ཡུལ་དང་། ཝི་ཏི་ནམ། སོག་པོ། ཉི་ཧོང་། ཀུ་རི་ཡ། ཨུ་རུ་སུ། སེ་པན། ཨི་ཊ་ལི། ཐེ་ཝན། སོོགས་ནས་བཅར་བའི་དད་ལྡན་ཆོས་ཞུ་བ་ཁྱོན་མི་གྲངས་ ༡༨༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན།
སྲོལ་རྒྱུན་གྱི་ནང་པའི་རྒྱལ་ཁབ་ཡིན་པའི་ཝི་ཐི་ནམ་དང་རྒྱ་ནག སོག་པོ། ཀོ་རི་ཡ། ཉི་ཧོང་བཅས་ནས་ཕེབས་པ་དང་དེ་བཞིན་སྲོལ་རྒྱུན་ནས་ནང་པ་མིན་པའི་རྒྱལ་ཁབ་བཅས་ནས་ཕེབས་པའི་ཆོས་གྲོགས་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར།
གཞི་རྩའི་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པ་གཅིག་པ་ཡིན། ངོས་ཀྱིས་རྟག་པར་བསམ་བློ་དང་གཟུགས་ཕུང་། སེམས་འཚོར་གང་གི་ཆ་ནས་ང་ཚོ་ཚང་མ་གཅིག་ཆགས་ཡོད། ང་ཚོ་ཚང་མར་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་འདོད་ཀྱི་ཡོད། དེ་ང་ཚོ་ཚང་མའིི་གཞི་རྩའི་ཐོབ་ཐང་ཞིག་རེད། ཆོས་ཁེས་ལེན་མིན་ལ་མ་ལྟོས་པར་ང་ཚོ་ཚང་མས་བདེ་བ་འདོད་ཀྱི་ཡོད། དེང་དུས་འཛམ་གླིང་གི་དངོས་ཡོད་གནས་སྟངས་ལ་ཆ་བཞག་ན་རྒྱལ་ཁབ་ཀྱི་ས་མཚམས་དང་ཆོས་ལུགས་ཀྱི་ས་མཚམས་ཟེར་བ་དེ་ཙམ་གལ་ཆེན་པོ་མིན། ང་ཚོས་འགྲོ་བ་མི་རིགས་སྤྱི་ཡོངས་ལ་ང་ཚོ་ཞེས་གཅིག་འགྱུར་གྱི་བསམ་བློ་གཏོང་ཐུབ་པ་དགོས། ང་ཚོ་མི་རེ་ངོ་རེའི་བདེ་དོན་དེ་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་ནས་ཡོད་པར་བརྟེན་ང་ཚོ་ཚང་མར་འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུའི་འགན་ཞིག་ཡོད།
འགྲོ་བ་མི་རིགས་སྤྱི་ཡོངས་ཀྱི་གནས་སྟངས་དེ་བདེ་སྐྱིད་དང་ཞི་བདེ། ཡར་རྒྱས་ལྡན་པ་ཞིག་བྱུང་ན་ང་ཚོ་མི་སྒེར་གྱི་མི་ཚེ་བདེ་སྐྱིད་དང་ཡར་རྒྱས་ལྡན་པ་ཞིག་ཡོང་ངེས་རེད། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ང་ཚོ་ཚང་མས་ནང་སེམས་ཀྱི་ཞི་བདེ་དང་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་ཆེད་བྱམས་བརྩེའི་བསམ་པ་དེ་གཙོ་བོ་ཆགས་ཡོད་པ་ངོས་ཀྱིས་བསམ་བཞིན་ཡོད། དེ་བཞིན་ཚན་རིག་པ་མང་པོ་ཞིག་གིས་དེ་མཚུངས་བསམ་བཞིན་འདུག ངོས་ཀྱི་འགན་ཁུར་གསུམ་ཡོད་པའི་ནང་ནས་གཅིག་ནི་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུ་དེ་རེད། འཛམ་གླིང་ན༝ང་གི་ཆོས་ལུགས་གཙོ་ཆེ་བ་དེ་ཚོ་ཕན་ཚུན་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་གཞི་རྩའི་ཆོས་ལུགས་དེ་དག་ཚང་མའི་ནང་བྱམས་པ་དང་བརྩེ་བ། བཟོད་བསྲན། སྡོམ་ཁྲིམས་སྲུང་རྒྱུ་སོགས་ནང་གི་རིན་ཐང་སྐོར་གསུངས་ཡོད་པ་དེ་དག་ཉམས་ལེན་བྱེད་བཞིན་ཡོད་པ་གཅིག་མཚུངས་ཆགས་ཡོད།
གཞི་རྩའི་ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཕན་ཚུན་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ལ་དེ་འདྲ་དགོས་ངེས་ཤིག་ཀྱང་ཆགས་ཡོད། ནང་པའི་ནང་ལ་ཆ་བཞག་ནའང། སྤྱིར་སྟངས་དགེ་རྒན་གཅིག་གི་དགེ་ཕྲུག་ནང་པ་གཅིག་པ་ཡིན་ནའང་ཁམས་དང་མོས་པ། བསམ་པ། བག་ཆགས་མི་འདྲ་བ་ཡོད་པའི་དབང་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་དགོས་པར་གཟིགས་ཏེ་ལྟ་གྲུབ་ཀྱི་རྣམ་བཞག་འགལ་ཟླ་ཡིན་མཁན་དེ་འདྲ་མང་པོ་གསུངས་ཡོད། ལོ་ངོ་སྟོང་ཕྲག་རིང་ནས་འཛམ་གླིང་ས་ཕྱོགས་འདྲ་མིན་ནང་ཡུལ་སྲོལ་གོམ་གཤིས་མི་འདྲ་བ་དང་གནམ་གཤིས་མི་འདྲ་བ། འཚོ་བ་སྐྱེལ་སྟངས་མི་འདྲ་བ་རང་བཞིན་གྱིས་ཡོད་པ་དེ་བསམ་བློ་མི་འདྲ་བ་ཡོད་པ་ལས་བྱུང་བ་ཞིག་རེད། དེ་དག་ཡོང་དགོས་ངེས་ཤིག་ཀྱང་རེད། དེར་བརྟེན་ཆོས་ལུགས་མི་འདྲ་བ་དེ་དག་བྱུང་བ་ཞིག་རེད། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་ཕན་ཚུན་མི་མཐུན་པ་ཡོད་པ་དེར་ཁྱད་གང་ཡང་མེད། དེ་འདྲ་ཞིག་ཡོང་དགོས་ངེས་རེད་བསམ་པའི་བསམ་ཤེས་ཐུབ་པའི་ཐོག་ནས་ཆོས་ལུགས་དེ་དག་ལ་གུས་རྩི་ཞུ་བ་ཙམ་མ་ཟད།
དོན་དམ་གྱིས་ཆོས་ལུགས་དེ་དག་ལ་ཡི་རངས་ཞུ་དགོས། གང་ཡིན་བརྗོད་ན་ཆོས་ལུགས་ཚང་མས་ཐབས་ལམ་འདྲ་མིན་ཐོག་ནས་གཞི་རྩའི་འགྲོ་བ་མིའི་བདེ་དོན་བསྒྲུབ་བཞིན་ཡོད་པ་གཅིག་མཚུངས་རེད། ངོས་ཀྱི་རྟག་པར་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་གང་ཡིན་པ་དེ་རྒྱུན་འཛིན་བྱེད་གལ་ཆེན་པོ་ཡིན་པ་བརྗོད་ཀྱི་ཡོད། ངོས་ཀྱི་གོང་དུ་བརྗོད་པ་ལྟར་འདིར་སྲོལ་རྒྱུན་ནས་ནང་པ་མིན་པའི་རྒྱལ་ཁབ་ནས་ཕེབས་མཁན་ཚོར་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ཤིག་དང་དེ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པའི་ལེགས་བྱང་ཞིག་ཀྱང་ཡོད། དཔེར་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལེགས་བྱང་ལྟ་བུར་མཚོན་ན་ཇུ་ཌོ་ཁ་རིཤན་ (Judeo-Christian) གྱི་ཆོས་ལུགས་ལ་གཙོ་བོ་གཞི་བཅོལ་བ་ཞིག་རེད། འོན་ཀྱང་ཁྱེད་ཚོས་ཆོས་ལུགས་གཞན་ནས་གསུངས་པའི་བཟང་སྤྱོད་ཀྱི་བསླབ་བྱ་དཔེར་ན་ནང་ཆོས་ནས་མཁན་ཆེན་ཞི་བ་ཚོས་གསུངས་པའི་བཟོད་པའི་ཉམས་ལེན་དེ་དག་ལ་སློབ་གཉེར་བྱེད་དགོས། གང་ཡིན་བརྗོད་ན་བཟོད་པ་དེ་ཆོས་ལུགས་རྣམས་ཀྱིས་ཐུན་མོང་དུ་གསུངས་ཀྱི་ཡོད། ངོས་ཀྱི་གྲོགས་པོ་ཡེ་ཤུའི་ཆོས་པ་ཚོའི་ནང་དུ་སེམས་བརྩེ་གཅིག་པའི་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་དོ་སྣང་གནང་མཁན་དེ་འདྲ་ཡོད། དེ་སྐྱོན་གང་ཡང་མེད། འོན་ཀྱང་བདག་མེད་སྐོར་དེ་ནང་པ་སངས་རྒྱས་པའི་ཐུན་མོང་མིན་པའི་གྲུབ་མཐའི་རྣམ་གཞག་ཡིན་པས་དེའི་རིགས་ནང་པ་ཚོས་བྱེད་དགོས་པ་རེད།
ངོས་ཀྱི་གྲོགས་པོ་ཡེ་ཤུའི་ཆོས་པ་ཚོས་ནང་ཆོས་ནས་གསུང་པའི་སྟོང་པ་ཉིད་ཀྱི་སྐོར་ལ་དོ་སྣང་བྱེད་སྐབས་ངོས་ཀྱིས་དེ་ཁྱེད་ཚོའི་ལས་ཀ་མ་རེད། དེ་ནང་པ་ཚོའི་ལས་ཀ་རེད་ཅེས་བརྗོད་ཀྱི་ཡོད། ནང་ཆོས་ནས་གསུང་པའི་སྟོང་ཉིད་ཀྱི་ལྟ་བ་དེ་ཡེ་ཤུའི་ཆོས་པ་ཚོས་འཛིན་པའི་འཇིག་རྟེན་བཀོད་པ་པོ་འདོད་པའི་བསམ་བློ་དེར་གནོད་ཀྱི་ཡོད།
ཕྱོགས་མཚུངས་ནང་པ་ཚོས་ཀྱང་ཡེ་ཤུའི་ཆོས་ལུགས་ནས་གསུངས་པའི་བསླབ་བྱ་མང་པོ་ལེན་རྒྱུ་ཡོད། དེ་ཚོ་ནང་པ་ཚོས་ངེས་པར་དུ་དོ་སྣང་བྱེད་དགོས། དེར་བརྟེན་ཆོས་ལུགས་མ་སྒྱུར་བའི་ཐོག་ནས་ཕན་ཚུན་བློ་སྐྱེ་ལེན་རྒྱུ་མང་པོ་ཡོད། དེ་མཚུངས་ཕ་མེས་ནས་ནང་པའི་རྒྱལ་ཁབ་ཡིན་མཁན་ཚོས་རང་གི་ལེགས་བྱང་གི་རིན་ཐང་དེ་ཤེས་དགོས། བོད་པ་ཚོས་ཉམས་སུ་ལེན་རྒྱུའི་ནང་པ་སངས་རྒྱས་པའི་ཆོས་དེ་ཁུངས་གཏུགས་ན་རྒྱ་གར་ནལེཎྜ་ནས་བྱུང་བ་ཞིག་ཡིན་པ་ངོས་ཀྱི་རྒྱ་གར་ཆོས་གྲོགས་ཚོར་རྟག་པར་ཤོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།