༢༠༡༡ ཟླ་ ༡ ཚེས་ ༡༣ རེས་གཟའ་ཕུར་བུ།
༄༅། །འདི་ག་བོད་ཡིག་ཚན་པའི་གསར་འགོད་པས་ས་གནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ པའི་ཐོག་༸གོང་ས་མཆོག་གིས་ཝྭར་ཎ་གཙུག་ལག་སློབ་གཉེར་ཁང་གི་གླིང་ཁའི་ནང་ཧི་མ་ལ་ཡའི་རི་རྒྱུད་ཟངས་དཀར་དང་། འབྲུག ཨ་རུ་ན་ཅལ། བལ་ཡུལ། ཤར་པ། མོན་པ། ལ་དྭགས། ལ་ཧོར། སྤྱི་ཏི། ཀ་སྦུག རྡོ་རྗེ་གླིང་། འབྲས་ལྗོངས། ཁུ་ནུ། གར་ཞྭ་སོགས་ནས་ཆོས་ཞུར་བཅར་བའི་དད་ལྡན་སེར་སྐྱ་མི་མང་ཁྱོན་མི་གྲངས་ ༧༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། འདས་པའི་ལོ་ལྔ་བཅུ་ང་གཅིག་ལྷག་གི་རིང་ལ་ང་ཚོ་བོད་པའི་ངོས་ནས་སོ་སོའི་ལུང་པ་བྲལ་ཏེ་བཙན་བྱོལ་ཡུལ་གྱར་བ་ཆགས་པ་རེེད། ཕྱོགས་གཅིག་ནས་དགའ་སྤྲོ་སྐྱེས་འོས་པ་ཞིག་ལ་ཧི་མཱ་ལ་ཡའི་རི་རྒྱུད་དེ་དག་དང་ང་ཚོ་ཚང་མ་གདོང་ཐུག་སྟེ། སྐད་ཆ་ཤོད་རྒྱུ་དང་། ངོས་ཀྱིས་ངོས་ནས་ཆ་བཞག་ནའང་། བསམ་འཆར་ཤོད་རྒྱུ་དང་འབོད་སྐུལ་བྱེད་རྒྱུའི་གོ་སྐབས་མང་པོ་ཞིག་བྱུང་ཡོད། དེ་བཞིན་ཁྱེད་རང་ཚོ་ཡུལ་པ་ཚོའི་ངོས་ནས་ཀྱང་གཙོ་བོ་རབ་ཏུ་བྱུང་བའི་ནང་ནས་རིས་སུ་མ་ཕྱེ་པའི་ཆོས་སྒར་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་དེ་སྔ་བོད་ལ་ཕར་དཀའ་ལས་ཆེན་པོ་བརྒྱབ་ནས་འགྲོ་དགོས་པའི་དུས་སྐབས་དེ་ལས་དེང་སང་ལས་སླ་པོའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བྱུང་བར་བརྟེན་ཁྱེད་ཚོར་ཕན་ཐོགས་ཞེ་དྲག་བྱུང་ཡོད། གང་ལ་ཞེ་ན། བོད་གངས་ཅན་ལྗོངས་ཀྱི་འདབས་སུ་ཆགས་པའི་ས་ཁུལ་དེ་དག་ཚང་མ་བཀའ་འགྱུར་བསྟན་འགྱུར་ལ་དད་པ་བྱེད་མཁན་གཅིག་མཚུངས་ཆགས་ཡོད། དེར་བརྟེན་རྩ་བའི་ང་ཚོའི་ཆོས་བརྒྱུད་དཔལ་ན་ལེཎྜ་ནས་བརྒྱུད་པའི་ཆོས་བརྒྱུད་གཅིག་པ་ཆགས་ཡོད། ཆོས་སློབ་སྦྱོང་བྱེད་རྒྱུར་བཀའ་འགྱུར་བསྟན་འགྱུར་གྱི་ཡིེ་གེ་གཅིག་པ་ཆགས་ཡོད། གདངས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་རྩ་བ་ཀ་མིག་སུམ་ཅུ་ཐམ་པའི་ཡི་གེའི་ཐོག་ནས་སློབ་སྦྱོང་བྱེད་རྒྱུ་གཅིག་པ་ཡིན་དུས་ཁྱེད་རང་ཚོས་ཀྱང་གདན་ས་ཁག་དང་ཆོས་སྒར་ཁག་ནང་སློབ་སྦྱོང་བྱེད་རྒྱུ་དང་། དེ་བཞིན་བོད་ནས་ཚུར་ཕེབས་པའི་རིས་སུ་མ་ཕྱེ་པའི་ཆོས་བརྒྱུད་ཀྱི་བླ་མ་སྐྱེེས་བུ་དམ་པ་དེ་དག་གིས་ས་ཁུལ་དེ་དག་ལ་ཞབས་ཀྱིས་བཅགས་ཏེ་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་ང་ཚོ་རྐྱེན་ངན་གྲོགས་སུ་ཤར་བ་རེེད། འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་ལ་ས་ཁུལ་དེ་དག་ཕྱོགས་གཅིག་ནས་རྒྱ་གར་གྱི་མངའ་ཁོངས་དང་གཉིས་ནས་ཕར་ཕྱོགས་དེར་རྒྱ་ནག་གི་དཔུང་སྡེ་ཆེན་པོ་ཡོད་པ་དང་ཚུར་ཕྱོགས་འདིར་རྒྱ་གར་གཞུང་ཕྱོགས་ནས་ཡིན་ནའང་དམིགས་བསལ་གྱིས་ཐུགས་སྣང་གནང་དགོས་པ་ཞིག་ཆགས་ཡོད། དེའི་ཆ་ནས་ལུང་པ་ཡར་རྒྱས་འགྲོ་རྒྱུ་དེ་མྱུར་པོ་བྱུང་ཡོད། ཕྱི་དངོས་པོ་ཡར་རྒྱས་ཕྱིན་པའི་ཐོག་ལ་ནང་དོན་རིག་པ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིས་མེད་ཐོག་ལ་སློབ་སྦྱོང་བྱེད་རྒྱུའི་གྲས་དེ་འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་དེའི་རིང་ལ་ཧ་ཅང་ཡར་རྒྱས་ཕྱིན་ཡོད། ལ་དྭགས་ལ་ཆ་བཞག་ནའང་སྔ་མོ་ངོས་རང་དྲུག་ཅུའི་ནང་སླེབས་སྐབས་ཁར་ཐུག་བཤད་ན་སྐྱོ་པོ་ལྟ་བུ་ཞིག་རེད། དེ་བཞིན་དགོན་པ་དང་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོའི་བར་གྱི་འབྲེལ་བ་དེ་ཡང་སྐྱོ་པོ་རེད།
ད་ཆ་དེ་དག་བར་འགྱུར་བ་ཧ་ཅང་ཕྱིན་ཡོད། དེ་ལྟར་འགྱུར་བ་འགྲོ་རྒྱུ་གཙོ་བོ་དེ་དགོན་པ་ཁག་གི་འདུལ་ཁྲིམས་དང་བསླབ་པ་སློབ་གཉེར་དེ་དག་ཡར་རྒྱས་ཕྱིན་པ་དང་། དེང་དུས་ཀྱི་ཤེས་ཡོན་ཡོད་པའི་མི་མང་ཚོའི་ནང་ལའང་ནང་པའི་ཆོས་ཀྱི་གོ་རྟོགས་ཡག་ཏུ་ཕྱིན་ནས་ཡག་པོ་ཆགས་འདུག སྤྱིར་འཛམ་གླིང་འདིའི་ཐོག་ཆོས་ཡོད་མཁན་གྱི་མི་དང་མེད་མཁན་གྱི་མི་བྱས་ནས་ཕལ་ཆེར་ཆོས་ཡོད་མཁན་གྱི་མི་དེ་དྲང་བདེན་ལ་ཏོག་ཙམ་བརྩི་བཀུར་ཡོད་མཁན་ཞིག་དང་། ཆོས་མེད་མཁན་གྱི་མི་དེ་འཕྲལ་སེལ་གྱི་ཁེ་ཕན་གང་བྱུང་བ་དེ་མ་གཏོགས། ལས་རྒྱུ་འབྲས་དང་དྲང་བདེན་གྱི་སྐད་ཆ་ཧ་ལམ་མེད། དེ་རིང་ཁ་སང་དྲང་བདེན་མེད་པའི་རྐྱེན་གྱིས་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་དཀའ་ངལ་གསར་པ་ཞིག་འཕྲད་ཀྱི་ཡོད་པ་གསལ་པོ་རེད།
དེ་ལྟ་བུའི་དུས་ཚོད་ཅིག་ལ་མི་གཅིག་གིས་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག་བྱེད་རྒྱུ་ཆོས་ཕྱོགས་ཀྱི་བསླབ་བྱ་དེ་གལ་ཆེན་པོ་ཆགས་ཀྱི་འདུག ཚེ་ཕྱི་མ་དང་། ཐར་པྭ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་དང་། དེ་བཞིན་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་མ་བཤད་ནའང་། གང་ལྟར་འཛམ་གླིང་འདིའི་ནང་ཁ་ཡོད་ལག་ཡོད་ཀྱི་མིའི་སྤྱི་ཚོགས་ནང་ལ་དངོས་གནས་བདེ་སྐྱིད་དགོས་ན་བྱམས་བརྩེ་དང་དྲང་བདེན་དགོས་ཀྱི་ཡོད། དེ་འདྲ་ཞིག་དགོས་ཀྱི་ཡོད་པ་དེང་སང་འཛམ་གླིང་འདིའི་ཐོག་ལ་དངོས་གསལ་དོད་དུ་དོད་དུ་འགྲོ་གི་འདུག དེར་བརྟེན་ཚན་རིག་པ་མཁས་དབང་སྙན་གྲགས་ཡོད་པ་དེ་དག་གིས་(Moral Ethics)ཅེས་པ་དེ་དགོས་ཀྱི་འདུག་ཅེས་དེང་སང་ཚན་རིག་པའི་ནང་ལ་དོ་སྣང་གསར་པ་ཞིག་བྱེད་མཁན་མང་པོ་ཡོང་གི་འདུག དེར་བརྟེན་སེམས་ཀྱི་སྐོར་ལ་དོ་སྣང་གསརཔ་ཞིག་བྱེད་ཀྱིཡོད། སྤྱིར་བཏང་ཆོས་བརྒྱུད་ཚང་མར་དེ་རིང་ཁ་སང་དངོས་གནས་འགན་ཆེན་པོ་ཞིག་སླེེབས་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་ཧིན་དྷུའི་ཆོས་གྲོགས་ཚོར་ཤོད་བཞིན་ཡོད། ཧིན་དྷུའི་བླ་ཆེན་ཚོས་སྦྱིན་སྲེག་གི་ཆོ་ག་ལྟ་བུ་གསུང་སྟེ་ལོ་སྟོང་ཕྲག་རིང་ལ་ཆོ་ག་ལྟ་བུ་བྱས་ནས་སྡོད་རྒྱུ་དེ་ཡི་འདང་གི་མི་འདུག ལོ་སྟོང་ཕྲག་རིང་གི་ཆོས་རྒྱུན་གྱི་བསླབ་བྱ་བཟང་པོ་དེ་དག་མི་མང་ལ་ངོ་སྤྲོད་བྱས་ཏེ་དེ་མི་མང་གི་ཉིན་རེའི་འཚོ་བའི་ནང་ལ་འབྲེལ་བ་ཡོད་པ་ཞིག་དང་བསླེབས་ཐུབ་པ་ཞིག་དགོས་ཀྱི་འདུག་ཅེས་ངོས་ཀྱིས་ཆོས་གྲོགས་ཚོར་འབོད་སྐུལ་ཞུ་གི་ཡོད། དེ་བཞིན་ང་ཚོ་ནང་པ་སངས་རྒྱས་ཀྱི་ཆོས་ལ་ཆ་བཞག་ནའང་། སངས་རྒྱས་ཀྱི་ཆོས་བརྗོད་སྐབས་ཆོ་ག་འདོན་རྒྱུ་ལྟ་བུ་མིན་པར་སངས་རྒྱས་ཀྱི་ཆོས་ཞེས་པ་དེ་སེམས་ཀྱི་རྣམ་གཞག་ཡག་པོ་ཞིག་ཤེས་པའི་ཐོག་ནས་སེམས་ལ་འགྱུར་བ་གཏོང་སྟངས་ཤིག་ཆགས་ཡོད། འཛམ་གླིང་འདིའི་སྟེང་སྤྱིར་ཆོས་ཡོད་མཁན་དང་མེད་མཁན་ཚོ་བྱས་ནས་ཆོས་ཡོད་མཁན་ཚོ་སེམས་སྐྱིད་པ་ཡོད།
འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་གི་ཚོར་བ་ཞེས་ཤོད་ཀྱི་འདུག དཀོན་མཆོག་གི་དགོངས་པ་དང་འགལ་གྱི་རེད་ཅེས་ནས་ཏོག་ཙམ་ཞིག་སོ་སོས་སྒྲིག་འཁྱེར་གྱི་འདུག དེ་བཞིན་སངས་རྒྱས་པའི་ཆོས་ལ་ཆ་བཞག་ན་ལས་རྒྱུ་འབྲས་ཀྱི་སྐད་ཆ་ཤོད་སྐབས་སོ་སོས་སྒྲིག་འཁྱེར་རྒྱུ་ཞིག་ཡོང་གི་ཡོད། གང་ལྟར་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། ནང་པ་སངས་རྒྱས་པའི་ཆོས་ཞེས་པ་འདི་དངོས་ཡོད་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་སེམས་ལ་ཞི་བདེ་བསྒྲུབ་རྒྱུ་ཆགས་ཀྱི་ཡོད། ང་རང་ཚོའི་དཔེ་ཆའི་ནང་འདོད་པའི་དོན་འཕྲལ་ཕུགས་གཉིས་ཕན་ཚང་མ་ཚད་མའི་འབྲས་བུ་རེད་ཅེས་ཤོད་ཀྱི་ཡོད། མི་འདོད་པའི་སྡུག་བསྔལ་དེ་དག་ལ་ཕྱིན་ཕྱི་ལོག་པའི་བློ་ཡི་འབྲས་བུ་རེད་ཅེས་ཤོད་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེེད། འདོད་པའི་དོན་ཚད་མའི་འབྲས་བུ་རེད་ཟེར་སྐབས་རྒྱུ་མཚན་ལྡན་པའི་ཐོག་ནས་ཡོང་དགོས་པ་ཞིག་ཡིན། རྒྱུ་མཚན་ལྡན་པའི་བློ་ཞིག་གི་རྗེས་སུ་འདོད་པའི་དོན་དེ་དག་ཡོང་གི་རེད་ཅེས་ཤོད་ཀྱི་འདུག སངས་རྒྱས་ཀྱི་ཆོས་ཀྱིས་ཕྲལ་ཡུན་གྱི་འདོད་དོན་སྒྲུབ་རྒྱུ་དེ་རྒྱུ་མཚན་ལྡན་པའི་བློ་ཞིག་གི་འབྲས་བུ་རེད། རྒྱུ་མཚན་ལྡན་པ་ཞིག་ཡིན་ན་ཇི་ཙམ་གྱི་བརྟག་དཔྱད་བྱས་པ་དེས་གསལ་དུ་འགྲོ་རྒྱུ་ཞིག་ཡིན། ཚན་རིག་པ་ཚོས་ནང་པའི་ཆོས་ཞེས་ཤོད་སྐབས་དམིགས་བསལ་ལྟ་གི་འདུག ང་རང་ཕ་མེས་ནས་ནང་པའི་ཆོས་དེ་སོ་སོའི་རིག་གཞུང་ཆགས་ཡོད། སོ་སོའི་གོམས་གཤིས་ཆགས་ཡོད། ཕྱི་ནས་གསར་དུ་འཚོལ་རྒྱུ་མིན། བཀའ་འགྱུར་བསྟན་འགྱུར་ལོ་སྟོང་ཕྲག་རིང་ལ་ཡོད་པ་དེ་དག་སྔ་མོ་ནས་ང་ཚོར་ཡོད་པ་རེད་མ་གཏོགས་དེ་ང་ཚོས་གསར་པ་བསྒྱུར་དགོས་ཀྱི་མེད་ལ་སྐད་གསར་པ་ཞིག་གཏན་ལ་ཕབ་དགོས་ཀྱི་མེད། སྔར་གྱི་ལོ་ཙ་བ་བཀའ་དྲིན་ཅན་དེ་དག་གིས་ལེགས་སྦྱར་དང་པཱ་ལིའི་སྐད་སོགས་ནས་བསྒྱུར་བ་ཞིག་ཡིན། བསྒྱུར་སྤུས་དག་པོའི་ཐོག་ནས་གཏན་ལ་ཕབ་ཟིན་པ་ཞིག་ཀློག་ཆོག་ཆོག་དང་ལྟ་ཆོག་ཆོག་ཡོད། ཧི་མ་ལའི་རི་རྒྱུད་ཀྱི་མི་མང་ཚོས་རྩ་བའི་ཆོས་ལ་དད་པ་བྱས་མ་བྱེད་དེ་སོ་སོའི་རང་དབང་རེད། འོན་ཀྱང་སངས་རྒྱས་ཀྱི་ཆོས་ཀྱི་འགྲེལ་བཤད་གང་འདྲ་བྱས་ནས་རྒྱག་གི་ཡོད་མེད་ཤེས་ན། སོ་སོའི་མི་ཚེའི་ནང་བསམ་བློ་གཏོང་སྟངས་ལ་ཁྱད་པར་ཆེན་པོ་ཡོད། ངོས་རང་གི་ངོས་ནས་ཆ་བཞག་ནའང་འཛམ་གླིང་འདིའི་སྟེང་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མར་ལྷག་བསམ་རྣམ་དག་གིས་གུས་ཞབས་བྱེད་ཀྱི་ཡོད། ཆོས་བརྒྱུད་སོ་སོ་འཛིན་མཁན་ཚོས་སོ་སོའི་ཆོས་བརྒྱུད་བྱས་ན་ཡག་གི་རེད།
ཆོས་ལུགས་བརྗེ་རྒྱུ་དེ་ཡག་པོ་མེད། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་དེ་བྱས་ན་ཡག་གི་རེད་ཅེས་ཤོད་བཞིན་ཡོད། དེ་བཞིན་དུ་ང་རང་ཚོ་ཡང་སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་དེ་འཛིན་ཐུབ་ན་ཡག་གི་རེད། རྩ་བ་ཡེ་ཤུའི་ཆོས་ལ་ཆ་བཞག་ནའང་དངོས་གནས་འཛམ་གླིིང་འདིའི་སྟེང་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུར་ཧ་ལས་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད། ཡང་སྐབས་རེ་ཆོས་ལུགས་སྤེལ་རྒྱུ་ལྟ་བུའི་ལས་འགུལ་ཤུགས་ཆེན་པོ་ཞིག་ཡོང་གི་འདུག དཔེར་ན། སོག་པོའི་ནང་ལ་ཆ་བཞག་ན་ཧ་ལས་པའི་ཤུགས་ཆེན་པོ་རེད། དེ་བཞིན་ཀོ་རི་ཡར་ཆ་བཞག་ནའང་མང་པོོ་ཞིག་ཡེ་ཤུ་ཆོས་ལ་བསྒྱུར་ནས་གནས་ཡོད། ཝི་ཏི་ནམ་ལ་ཆ་བཞག་ནའང་། ལྷོ་ཕྱོགས་ཝི་ཏི་ནམ་དང་བྱང་ཕྱོགས་ཝི་ཏི་ནམ་ཡོད་སྐབས་བྱང་ཕྱོགས་ཝི་ཏི་ནམ་གུང་ཁྲན་རེད། ལྷོ་ཕྱོགས་ཝི་ཏི་ནམ་ཡེ་ཤུའི་ཆོས་ཤུགས་ཆེན་པོ་བྱས་ནས་བསྒྱུར་ཕྱིན་འདུག ངོས་ཀྱིས་ནམ་རྒྱུན་འདི་ཤོད་ཀྱི་ཡོད། ལྟ་གྲུབ་མེད་པའི་ཆོས་ལུགས་དར་སའི་ས་་ཁུལ་ལ་ཡེ་ཤུའི་ཆོས་སྤེལ་ན་དགའ་བསུ་ཡོད། ལྷ་གསོལ་ཀླུ་གསོལ་འདྲེ་གསོལ་བྱས་པ་ལས་ཡེ་ཤུ་ཆོས་ལ་ཆ་བཞག་ན་ལྟ་གྲུབ་ཡོད་པ་ཞིག་ཆགས་ཀྱི་ཡོད། དེ་ཟབ་པ་དང་ཡག་པ་་རེད། ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་གཅིག་གི་ས་ཁུལ་ལ་ཆོས་ལུགས་སྤེལ་ན་དཀའ་ངལ་རེད་ཅེས་ཤོད་ཀྱི་ཡོད། རྩ་བའི་ཧི་མཱ་ལའི་རི་རྒྱུད་ལ་ཆ་བཞག་ནའང་སོ་སོའི་ཕ་མེས་ཀྱི་ཆོས་སངས་རྒྱས་ཀྱི་ཆོས་རེད། དེ་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་ཆོས་ལུགས་མ་བསྒྱུར་བ་ཞེས་པ་དེ་ཆོས་ལུགས་གཞན་ལ་གུས་ཞབས་མ་བྱས་པའི་སྐད་ཆ་མིན། སོ་སོར་ཕ་མེས་ཀྱི་གཅེས་ནོར་ཕྱུག་པོ་ཞིག་ཡོད་པ་དེ་ངོ་ཤེས་པའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ངོས་ཀྱིས་ཆོས་ལུགས་ཚང་མ་མཐུན་པོ་ཡོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། དེ་ལྟ་བུའི་དུས་ཚོད་ཅིག་ལ་ང་རང་ཚོ་སངས་རྒྱས་ཀྱི་ཆོས་པ་ནང་ཁུལ་རྩ་བ་དཔལ་ན་ལེཎྜ་ནས་བརྒྱུད་པའི་ཆོས་བརྒྱུད་གཅིག་གྱུར་ཡིན་མཁན་ས་སྐྱ་བཀའ་རྙིང་དང་དགེ་ལུགས། བཀའ་གདམས། ཇོ་ནང་། དེ་དག་ཡོངས་སུ་རྫོགས་པ་རྩ་བའི་ཁུངས་གཏུག་ན་ལེཎྜ་ཡིན་པ་རེད། ཁ་སྔོན་ངོས་ཀྱིས་ལ་དྭགས་ལ་འདི་བཤད་པ་ཡིན། སྡོང་པོ་ལྟ་བུ་དེ་ན་ལཎྜ་ཡིན་པ་དང། ཡལ་ཀ་ལྟ་བུ་ས་དགེ་བཀའ་རྙིང་སོགས་རེད། མདོ་ཕྱོགས་ལ་ས་དགེ་བཀའ་རྙིང་ཚང་མ་གཅིག་པ་ཡིན་ཡང་སྔགས་ཕྱོགས་ལ་རྒྱུད་སྡེ་མི་འདྲ་བ་ཡོད། ས་སྐྱར་ཆ་བཞག་ན་ལམ་འབྲས་གསུངས་སྐབས་གཙོ་བོ་ཀྱེ་རྡོར་གསུངས་ཀྱི་ཡོད། བཀའ་བརྒྱུད་ལ་ཆ་བཞག་ན་འཁོར་ལོ་སྡོམ་པ་གཙོ་བོ་གནང་གི་ཡོད། དགེ་ལུགས་ལ་ཆ་བཞག་ན་སྤྱིར་གསང་བདེ་འཇིགས་གསུམ་ཡིན་ཡང་གཙོ་བོ་གསང་བ་འདུས་པ་རེད། དེ་དག་ཚང་མ་རྩ་བའི་དཔལ་ན་ལེཎྜ་ནས་ཡོང་བ་ཡིན་སྟབས་དེ་དག་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེན་པོ་ཡིན།
ངོས་ཀྱིས་ཀྱང་གཙོ་བོ་རྒྱ་གཞུང་སྦྱང་ཡོད། དེ་དག་གི་འགྲེལ་པ་ཡང་རྗེ་རིན་པོ་ཆེའི་གཞུང་གཞི་ལ་བཞག་ནས་སྦྱང་ཡོད། དེ་དང་ཆབས་ཅིག་རྒྱ་གཞུང་གི་འགྲེལ་པ་མཁས་པ་རོང་སྟོན་གྱི་མཚོན་པའི་སྔོན་གྱི་མཁས་པ་འདྲ་མིན་མཛད་པའི་གཞུང་དེ་དག་བལྟས་ཏེ་ཚང་མ་རྒྱུས་ཡོད་ཆགས་ཡོད། དེ་དག་གི་རྩ་བའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཞིག་ཤེས་པར་དཔལ་ན་ལེཎྜའི་མཁས་པས་མཛད་པའི་གཞུང་སྤྱིའི་གོ་དོན་ཆགས་པ་ཞིག་བྱུང་ན། དེ་དག་ཡོངས་སུ་རྫོགས་པ་གཅིག་གྱུར་ཡིན་པ་ཤེས་ཐུབ་ཀྱི་རེད། དེ་གལ་ཆེན་པོ་ཡིན། ཞྭ་མོའི་བཟོ་ལྟ་ལ་བལྟས་ནས་ཆོས་ལུགས་དབྱེ་ཕྱེ་དགོས་བྱུང་ན་འུ་ཐུག་གི་ལས་ཀ་ཡིན། དངོས་གནས་མདོ་སྔགས་ཀྱི་གཞུང་ལ་ལྟོས་དང་། དགོངས་པ་གཅིག་རེད་མ་གཏོགས་དབྱེ་བ་མེད། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེང་དུས་ཀྱི་ཤེས་ཡོན་ནི་ལག་པ་ལྟ་བུ་ཡིན། དེ་བཞིན་གནའ་རབས་ནས་ཡོང་བའི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་ཤེས་ཡོན་དེ་དག་ལྷང་བསམ་གྱི་སྙིང་ལྟ་བུ་རེད། མི་ལ་གནོད་པ་བྱེད་རྒྱུ་སོགས་ལ་ལག་པ་འགུལ་སྐྱོད་རྒྱག་རྒྱུ་ཡོད། ལག་པ་དེས་མི་ལ་བྱུག་བྱུག་བྱས་ནས་བྱམས་པོ་བྱེད་རྒྱུ་ཡོད། ལག་པ་འགུལ་སྐྱོད་བརྒྱབ་ནས་གནོད་པའི་རང་བཞིན་བྱེད་དང་ཕན་པའི་རང་བཞིན་བྱེད་པ་དེ་རྩ་བའི་ལྷག་བསམ་ལ་ཐུག་ཡོད། ལག་པ་གཅིག་པུ་མ་གཏོགས་བསམ་བློ་གཏོང་རྒྱུ་མེད་ན་སྐབས་རེ་སོ་སོ་མགོ་ལ་གཞུ་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་རྩ་བའི་ལྷག་བསམ་ལ་རག་ལུས་ཡོད། དེང་དུས་ཀྱི་ཤེས་ཡོན་ནང་ལྷག་བསམ་སྐོར་ཤོད་ཀྱི་མེད། ཧི་མཱ་ལ་ཡའི་རི་ཁུལ་གྱི་མི་མང་དེ་དག་ང་ཚོ་བོད་པ་བཙན་བྱོལ་བ་ཚོར་ཆ་བཞག་ན། ཁྱེད་རང་ཚོ་ཧ་ལས་པའི་བཀའ་དྲིན་ཆེན་པོ་ཡིན། ལྷག་པར་གདན་ས་ཁག་ལ་ཆ་བཞག་ན། ང་ཚོ་རྒྱ་གར་དུ་བསླེབས་ནས་སློབ་གཉེར་བའི་གྲངས་ཁ་ཉུང་ཉུང་བྱས་ཉག་ཕྲ་པོ་ཆགས་སྐབས་ཁྱེད་རང་ཚོའི་ས་ཁུལ་དེ་དག་ནས་སློབ་གཉེར་བ་མང་པོ་ཡོང་སྟེ། རིས་སུ་མ་ཕྱེ་པའི་ཆོས་བརྒྱུད་ཚང་མར་ལ་དྭགས་དང་ཁུ་ནུ། མོན་པའི་གྲྭ་རྒྱུན་མང་པོ་ཡོད་པའི་ཐོག་ནས་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་བཞིན་འབྲུག་ཁུལ་ནས་གྲྭ་རྒྱུན་རྫོང་གསར་བཤད་གྲ་དང་རྣམ་གྲོལ་གླིང་ནང་འབྲུག་གི་གྲྭ་རྒྱུན་མང་པོ་འདུག ཁྱེད་རང་ཚོར་ཕན་གྱི་ཡོད་པ་རེད་ལ་ང་ཚོའི་གདན་ས་ཁག་དང་བཤད་གྲྭ་ཁག་ལའང་ཕན་ཐོགས་ཆེན་པོ་བྱུང་སོང་། ཁྱེད་རང་ཚོར་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
དེ་བཞིན་ལ་དྭགས་དང་མོན་ས་ཁུལ་དེ་དག་ནས་བོད་ཀྱི་བདེན་དོན་ཐོག་ལ་གདུང་སེམས་མཉམ་སྐྱེ་དངོས་གནས་སེམས་ཁུར་བླང་སྟེ། སྐབས་རེ་ཞི་བའི་གོམ་བགྲོད་དང་དེ་བཞིན་བོད་དོན་སྐོར་ལ་ཡུལ་པ་ཚོར་དྲན་སོ་གཏོང་རྒྱུ་ལྟ་བུའི་ལས་འགུལ་རབས་དང་རིམ་སྤེལ་གྱི་ཡོད།
དེར་བཀའ་དྲིན་ཆེ་ཟེར་གྱི་ཡིན། བོད་ཀྱི་དོན་དག་དེ་ཆབ་སྲིད་གཅིག་པུའི་དོན་དག་མིན། བོད་ཀྱི་བདེན་དོན་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཇི་སྲིད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་རང་དབང་ཞིག་མ་བྱུང་ན། སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་རྒྱུ་མེད། དཔེར་ན། ལོ་སྔོན་མའི་སྐབས་དེ་རིང་ཁ་སང་གུང་ཁྲན་ཏང་གིས་སྲིད་བྱུས་གསར་པ་ཞིག་བོད་པའི་སྐད་ཡིག་དེ་སྐད་ཡིག་ཙམ་ཞིག་མ་གཏོགས་སློབ་ཚན་གཞན་དག་ཚང་མ་རྒྱ་སྐད་བསླབ་དགོས་རེད་ཅེས་གཏན་འབེབས་གསར་པ་ཞིག་བྱས་ཡོང་གི་འདུག དེས་བོད་པའི་སྐད་ཡིག་ཕྱུག་པོ་ཞིག་ཡོད་པ་དེ་རིམ་པས་སྐད་ཡིག་ཁོ་ན་མ་གཏོགས་བེད་སྤྱོད་གཏོང་རྒྱུ་མེད་པའི་ཐབས་ཤེས་བྱས་ནས། གང་ལྟར་བོད་ཀྱི་རིག་གཞུང་སོ་སོའི་སྐད་ཡིག་ནང་ཡོད་པ་རེད།
བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་གང་ལ་རྟེན་སའི་སྐད་ཡིག་དེ་ནུས་པ་བཅགས་ནས་མེད་པ་བཟོ་ཡོང་སྐབས་ཕུགས་རྒྱང་རིང་པོའི་བསམ་ངན་ཞིག་རེད་འདུག ཁག་མི་འདུག་ཆབ་སྲིད་ཁོ་ནར་བསམ་བློ་བཏང་སྟེ་བོད་ཁ་བྲལ་ཕྱིན་སོང་བསམ་པའི་སེམས་ཁྲལ་ཁོ་ན་བྱས་ཏེ་ལྟ་སྡོད་སྐབས། བོད་ཀྱི་སྐད་ཡིག་དང་རིག་གཞུང་བོད་པའི་རྣམ་པ་ཐ་དད་དུ་ཡོད་པ་དེ་སྲིད་དུ་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཞིག་མཐོང་སྟེ་བོད་ལ་སྐད་ཡིག་དང་རིག་གཞུང་གོམས་གཤིས་ཡོད་པ་དེ་འདྲའི་ཐོག་ནས་ཟུར་གསལ་ཞིག་ཡོད་པ་དེ་ཕྱོགས་གང་ས་ནས་མེད་པ་བཟོ་རྒྱུའི་ཐབས་ཤས་བྱེད་ཀྱི་འདུག ངོས་རང་ལ་ཆ་བཞག་ནངའ་དགེ་སློང་ཞིག་ཡིན། བོད་ཀྱི་དོན་དག་དེ་ཆབ་སྲིད་གཅིག་པུ་ཡིན་ན་ངོས་ཀྱི་དེའི་ནང་ཞུགས་ཀྱི་མ་རེད། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོར་སྐབས་རེ་ངོས་ཀྱིས་ཤོད་ཀྱི་ཡོད། བྱུང་ན་དགེ་འདུན་པ་ཚོ་ཆབ་སྲིད་ནང་མ་ཞུགས་ན་ཡག་གི་རེད། འོས་བསྡུ་ཚར་སྐབས་དགོན་པའི་ནང་གི་དགེ་འདུན་པ་ཚོ་གཅིག་གིས་གཅིག་ལ་མིག་ལོག་བལྟས་ནས་སྡོད་རྒྱུ་དེ་འདྲ་སྐབས་རེ་ཡོང་གྲབས་བྱེད་ཀྱི་འདུག དེ་ཆབ་སྲིད་བྱབ་ཆུང་རེད། མང་གཙོ་ཆ་ཚང་ལྟ་བུ་མ་ཆགས་གོང་དེ་འདྲ་ཡོང་གི་རེད། ཨ་ཕི་རི་ཀ་སོགས་ལ་དེ་འདྲ་འདུག མང་གཙོ་ཡོད་པའི་རྒྱལ་ཁབ་དེ་དག་ནང་འོས་ལངས་སྐབས་རྩོད་པ་བརྒྱབ། འོས་མི་མང་གིས་ཐག་གཅོད་ཟིན་རྗེས་བཀྲིས་བདེ་ལེགས་ཞེས་བརྗོད་ནས་ལག་པ་གཏོང་རེ་བྱེད་ཀྱི་འདུག ང་ཚོ་འོས་བླུགས་ཟིན་རྗེས་སྐབས་རེ་ཁོ་ཁོས་ཕྱོགས་རེད་ཅེས་སྐབས་རེ་ཁ་མ་གྲགས་པ་སྡོད་རྒྱུ་དེ་འདྲ་ཡོང་གྲབས་བྱེད་ཀྱི་འདུག མི་ལ་དེ་བརྗོད་ཀྱི་ཡོད་ལ་ངོས་ལ་ཆ་བཞག་ན་དངོས་གནས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཁོ་ན་ཡིན་ན། ངོས་ཀྱིས་བྱུས་ཏོག་བྱེད་ཀྱི་མ་རེད།
འོན་ཀྱང་བོད་ཀྱི་གནད་དོན་དེ་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་དུས་ངོས་ཀྱིས་ཐེ་བྱུས་བྱེད་ཀྱི་ཡོད། ཁྱེད་རང་ཚོས་བོད་ཀྱི་དོན་དག་ལ་གདུང་སེམས་མཉམ་སྐྱེ་བྱེད་རྒྱུ་དང་འཐབ་རྩོད་ནང་མཉམ་ཞུགས་བྱེད་རྒྱུ་དེ་སངས་རྒྱས་ཀྱི་བསྟན་པའི་དོན་དག་རེད། དེར་བརྟེན་ཁྱེད་རང་ཚོས་ད་ལྟ་བར་དུ་གནང་བ་དེར་ཐུགས་རྗེ་ཆ་ཟེར་གྱི་ཡིན། ད་དུང་ཡིན་ཡང་ཁྱེད་རྣམས་ནས་ཐུགས་ལ་བཅངས་ཏེ་གནང་རོགས་ཞེས་ཟེར་རྒྱུ་ཡིན།
དེ་སྔ་ལོ་རྒྱུས་ཐོག་སངས་རྒྱས་ཀྱི་ཆོས་པ་ཡིན་མཁན་བར་སྐབས་དེར་དམིགས་བསལ་གྱི་དོ་སྣང་མ་བྱུང་བའི་རྐྱེན་གྱིས་སོ་སོ་ཕ་མེས་ཀྱི་གཅེས་ནོར་དེ་དག་ཧ་ལམ་སྣང་མེེད་དུ་བསྡད་ཡོད་པ་ལྟ་བུ་དེའི་རིགས་བར་སྐབས་ནས་དོ་སྣང་གསར་པ་ཞིག་གཞི་ནས་བྱེད་ཀྱི་འདུག ངོས་ཀྱིས་གོ་གསལ་བལ་ཡུལ་ནང་གི་རྟ་མང་དང་ཤར་པ་སོགས་ཁྱེད་རང་ཚོ་མང་པོ་ཞིག་གིས་བར་སྐབས་ནས་བོད་པའི་གོམས་གཤིས་ལ་དོ་སྣང་གསར་པ་ཞིག་བྱས་ཏེ་བོད་པའིི་ལོ་གསར་ཁྱེད་རང་ཚོས་གཏོང་གི་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག
དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་ཁྱེད་རང་ཚོས་དོ་སྣང་གསར་པ་སླེབ་ཡོང་གི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། གང་ལྟར་ནང་པའི་ཆོས་སློབ་སྦྱོང་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།
ཤུགས་ལྡན་སྐོར་དེ་ཁྱེད་རང་ཚོ་མང་པོ་ཞིག་གིས་ཤེས་ཀྱི་ཡོད། ངོས་ཀྱིས་འདིར་ཤོད་དགོས་དོན་དེ་ཁ་སྔོན་ངོས་ཀྱིས་འབྲས་ལྗོངས་ཁུལ་དུའང་གོ་བྱུང་། ཤུགས་ལྡན་ཚོགས་པའི་དགེ་བཤེས་དེ་འདྲ་ཡོང་སྟེ། ཕྲུ་གུར་སློབ་སྦྱོང་ཡོང་གི་རེད་ཅེས་ཁ་ཤས་འཁྲིད་ཕྱིན་པ་དེ་འདྲ་ངོས་ཀྱིས་གོ་བྱུང་། དེ་བཞིན་གར་ཞྭ། ཁུ་ནུ། མོན་སོགས་ཀྱི་ནང་དུའང་དེ་འདྲ་ཡོང་སྲིད་པ་རེད། དེ་བཞིན་བལ་ཡུལ་ནང་དུའང་ཡོང་སྲིད་པ་རེད། དོ་བདག་ཕ་མ་སོ་སོས་རྒྱལ་པོ་ཤུགས་ལྡན་སྐོར་ཆ་ཚང་ཤེས། ངོས་ཀྱིས་དམ་བསྒྲགས་ག་རེ་བྱེད་ཀྱི་ཡོད་པ་དང་རྒྱུ་མཚན་ག་རེ་ཡིན་པ་ཆ་ཚང་ཤེས། དེ་བཞིན་ཤུགས་ལྡན་ཚོགས་པ་དེ་དག་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་བྱེད་མཁན་ཡིན་པ་ཆ་ཚང་ཤེས་པའི་ཐོག་ནས་སློབ་ཕྲུག་བཏང་ན། ངོས་ལ་བསམ་འཆར་དང་ངོ་རྒོལ་གང་ཡང་མེད། མ་ཤེས་པར་མགོ་སྐོར་ཐེབས་ཏེ་མ་གིར་སློབ་གཉེར་བྱེད་སའི་མཐུན་རྐྱེན་ཡག་པོ་ཡོད་པ་རེད་ཅེས་བཏང་བ་ཡིན་ན། རྗེས་སུ་རང་གི་ཕྲུ་གུ་དེ་རྒྱལ་བ་རིན་པོ་ཆེ་ཐུག་རྒྱུ་མེད་པ་རེད།
དཔེར་ན། དེ་རིང་འདིར་སྨོན་ལམ་ཚོགས་ཏེ་སེར་འབྲས་དགའ་གསུམ་གྱི་དགེ་འདུན་པ་མང་པོ་བསླེབས་ཡོད། འོན་ཀྱང་དགའ་ལྡན་རྡོ་ཁང་ཁམས་ཚན་གྱི་གྲྭ་པ་དང་སེར་སྨད་སྤོམ་རའི་དོལ་རྒྱལ་བསྟེན་མཁན་ཚོ་འདི་གར་ཡོང་རྒྱུ་མེད་པ་རེད། ངོས་རང་གདན་ས་གསུམ་ལ་འགྲོ་སྐབས་ཁོང་ཚོ་ཟུར་དུ་ཚོགས་པ་ཚོགས་ནས་སྡོད་རྒྱུ་མ་གཏོགས་ངོས་ཀྱིས་བཀའ་ཆོས་བྱེད་སར་ཁོ་རང་ཚོ་ཡོང་རྒྱུ་མེད་ལ་ངོས་ཀྱིས་ཀྱང་གསལ་པོ་བྱས་ནས་ཤོད་ཀྱི་ཡོད།
བླ་མ་སློབ་མའི་དབར་དམ་ཚིག་གཙང་མ་ཞིག་དགོས་ཀྱི་ཡོད། དམ་ཚིག་ཉམས་པའི་ཆོས་འབྲེལ་བྱས་ན་བླ་མར་གནོད་ཀྱི་རེད་ལ་སློབ་མར་ཡང་ཕན་གྱི་མ་རེད། དེར་བརྟེན་ཁྱེད་རང་ཚོས་ཧ་མ་གོ་བ་བྱས་ཏེ་ཕྲུ་གུ་དོལ་རྒྱལ་བསྟེན་མཁན་གྱི་ཚོགས་པའི་ནང་མར་བཏང་སྟེ་རྗེས་སུ་ཧ་གོ་སྐབས་འགྱོད་པ་སྐྱེ་རྒྱུ་ཆགས་ན་དེ་འདྲ་མི་དགོས་པ་རེད། དང་པོ་ནས་ཤེས་པ་བྱེད་དགོས། བོད་པའི་གྲྭ་པ་དེ་འདྲ་ཡོང་སྟེ་ཁྱེད་རང་ཚོ་འགྲོ་ས་ཡག་པོ་ཡོད་པ་རེད་ཅེས་ཤོད་ཀྱི་འདུག་ན་འབྱུང་ཁུངས་གང་འདྲ་ཡིན་པ་ཤེས་པ་བྱེད་དགོས། དེ་གཅིག་ངོས་ཀྱིས་བརྗོད་འདོད་བྱུང་། བཀྲིས་བདེ་ལེགས་ཞེས་བཀའ་སློབ་སྩལ་བ་བཅས།