༢༠༡༠ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཕུར་བུ།
༄༅། །འདོ་གར་ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཊོ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ ནས་ཚེས་ ༡༢ བར་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་གྲོང་ཁྱེར་ཨི་ཌི་ལི་ཌེའི་ (Adelaide) ཁུལ་གནས་སྡོད་བོད་རིགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་དབུ་ལྷ་བཅས་མཇལ་མོལ་གནང་ཡོད། དེ་ཡང་ཕྱི་ཚེས་ ༡༨ ཉིན་ཨེ་ཌི་ལི་ཌིའི་གནམ་ཐང་དུ་འབྱོར་སྐབས་ཁུལ་དེའི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐར་མ་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་རྗེས་རྒྱུན་ལས་ཚོགས་མི་གཉིས་དང་ཤར་ཏུར་ཀེ་སི་ཏན་ཚོགས་པའི་ཚོགས་གཙོ་ལྷན་ཉིན་དགུང་གསོལ་ཚིགས་དང་སྦྲགས། རིག་གཞུང་སྲུང་སྐྱོབ་དང་ལས་འགུལ་སྤེལ་ཕྱོགས་སྐོར་བཅས་ལ་ནང་ཁུལ་བསམ་ཚུལ་བརྗེ་ལེན་གནང་ཡོད། དགོང་དྲོ་ཆུ་ཚོད་ ༤ ཐོག་མཁན་ཟུར་བཀའ་འགྱུར་རིན་པོ་ཆེའི་ཆོས་ཚོགས་སུ་ཨེ་ཌེ་ལི་ཌི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐབས་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་རྒྱའི་འབྲེལ་ལམ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར། བཙན་བྱོལ་ནང་མང་གཙོའི་ལམ་ལུགས་དང་། བཀའ་ཁྲི་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་དང་སྐུ་དབང་བཅས་ཀྱི་སྐོར་ལ་འགྲེལ་བརྗོད་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་མིས་བོད་ཀྱི་རྩ་དོན་ཐོག་དོ་ཁུར་དགོས་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་གཞོན་སྐྱེས་ཚོར་ལམ་སྟོན་སློབ་ཁྲིད་དང་བོད་ཀྱི་ཆབ་འབངས་ཡིན་པའི་ཆ་ནས་དྭངས་བླང་དཔྱ་ཁྲལ་དུས་ཐོག་འབུལ་དགོས་པ་དང་། བཀའ་ཁྲིའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ནང་བཞུགས་རྒྱུའི་ཐོབ་ཐང་ལེན་གལ་ཆེ་བ་བཅས་འགྲེལ་བརྗོད་གནང་ཡོད། སྐུ་ཚབ་དོན་གཅོད་ལགས་ཀྱིས་ད་དུང་ཚོགས་བཅར་བ་རྣམ་པས་ཉེ་ལམ་བོད་ནང་སློབ་གྲྭ་ཁག་ཏུ་བོད་ཡིག་ཚབ་ལ་རྒྱ་ཡིག་སློབ་ཁྲིད་བརྒྱུད་ལམ་བྱ་རྒྱུའི་གསལ་བསྒྲགས་ལ་སློབ་ཕྲུག་གིས་ངོ་རྒོལ་བྱས་པའི་སྐོར་དང་། ༸གོང་ས་མཆོག་གིས་རྒན་ཡོལ་དུ་ཕེབས་རྒྱུ་ཡིན་ཞེས་བཀའ་སྩལ་ཡོད་པའི་གནད་དོན་སོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་། དེ་ནས་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་པ་མ་ཟད་། མ་འོངས་པར་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་ཡོང་བའི་འབོད་བསྐུལ་ཡང་ཞུས་ཡོད། ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཨེ་ཌེ་ལེ་ཌེའི་ཁུལ་བོད་བརྒྱུད་ཆོས་ཚོགས་ལ་གཟིགས་སྐོར་དང་། མཁན་ཟུར་བཀའ་འགྱུར་རིན་པོ་ཆེ་ལ་མཇལ་བཅར་ཞུས། ཉིན་རྒྱབ་གནམ་ཐོག་བརྒྱུད་ཀན་བྷེ་རར་ཕྱིར་འཐོན་གནང་བ་བཅས།།
ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཨེ་ཌེ་ལེ་ཌེ་ཁུལ་དུ་འཚམས་གཟིགས་བསྐྱོད་པ།
གསར་གནས།
འབྲེལ་གནས།