༢༠༡༠ ཟླ་ ༡༢ ཚེས་ ༡༣ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་གཞུང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༡ ཉིན་རེས་གཟའ་སྤེན་པའི་གུང་སེང་དང་སྟབས་བསྟུན་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༡ འཁོར་བར་དགའ་སྟོན་གྱི་དྲན་གསོ་དང་། རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་ལ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པར་བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་ཞིག་དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠༣༠ ཐོག་སྐུ་ཚབ་དོན་གཅོད་ཀྱི་ཉེ་འགྲམ་ལམ་ཨང་སོ་བཞིར་ཆགས་པའི་ཚོགས་ཁང་ཞིག་གི་ནང་སྐོང་ཚོགས་གནང་ཞིང་དགའ་སྟོན་གྱི་དྲན་གསོ་དང་། རྟེན་འབྲེལ་ཞུ་བའི་མཛད་སྒོ་དེ་ནི་སྔར་སྲོལ་བོད་ལུགས་ལྟར་དབུ་འཛུགས་གནང་ཡོད།
ཉིན་དེར་ཆེད་དུ་གདན་ཞུ་བྱས་པའི་ནིའུ་ཡོཀ་གྲོང་ཁྱེར་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཤ་མིན་ནས་ལིའུ་ཞའོ་པོ་ཡི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་དྲ་རྒྱའི་ལམ་ནས་པར་གཞི་དང་འབྲེལ་ཏེ་ངོ་སྤྲོད་གནང་ཡོད།
དེ་བཞིན་རྩོམ་པ་པོ་དང་སྲིད་དོན་དབྱེ་ཞིབ་པ་ཡིན་པའི་གྲན་ཕོ་ཁུང་དང་། ཀོ་ལིམ་པ་ཡ་གཙུག་ལག་སློབ་གཉེར་ཁང་གི་མཁས་དབང་གི་མཚན་གནས་ཡོད་པའི་ཝང་ཅུན་ཐའོ་ཡིས་མཛད་སྒོར་གསུང་བཤད་གནང་། དེ་ཡང་གྲན་པོ་ཁུང་གིས། རྒྱ་རིགས་ཤེས་ཡོན་ཅན་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་། ལོ་ངོ་ཉེར་གཅིག་གི་སྔོན་ལ་བོད་ཀྱི་དབུ་ཁྲིད་༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ནི་བོད་རྒྱ་མི་རིགས་གཉིས་ཀྱི་གཟི་བརྗིད་ཡིན་པས་དེ་རིང་ནི་ཆེས་དོན་སྙིང་ལྡན་པའི་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན། བོད་རྒྱ་མི་རིགས་གཉིས་ནི་རྒྱ་ནག་དམར་པོའི་གཅིག་སྡུད་སྲིད་དབང་འོག་དཀའ་སྡུག་མྱོང་མཁན་གཅིག་གྱུར་ཡིན་པས་མི་རིགས་གཉིས་དབར་སྔར་བས་འཆམ་མཐུན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཡིན། རྒྱ་ཡི་ཡུལ་ལ་བཀའ་དྲིན་ཆེ་བའི་འབྲི་ཆུ་དང་། རྨ་ཆུ་ནི་བོད་ནས་བྱུང་ཞིང་། ཁ་སྐོམ་དུས་ཁྲོན་པ་དྲན་ཞེས་པའི་དཔེ་ལྟར་རྒྱ་རིགས་མི་མང་གིས་བོད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་རྒྱུ་མེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་ཡོངས་གྲགས་རྒྱབ་སྐྱོར་མཛད་པར་ང་ཚོ་རྒྱ་རིགས་ཚང་མས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སོགས་ཀྱི་གསུང་བཤད་གནང་། ཝང་ཅུན་ཐའོ་ཡིས། ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ནས་ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་དགོས་པའི་རྒྱུ་མཚན་ཁ་ཤས་དྲངས་ཡོད་པའི་ཁོངས་ནས་གལ་ཆེ་ཤོས་གཅིག་ནི་ཉིས་སྟོང་བརྒྱད་ལོའི་ཁྲིམས་ཞེས་པ་དེ་ཡིན་པའི་རྒྱུ་མཚན་གསུངས་ཡོད་པ་དང་། ཉིས་སྟོང་བརྒྱད་ལོའི་ཁྲིམས་ཀྱི་ཞིབ་ཕྲའི་ནང་དོན་དེ་དག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཆབ་སྲིད་བཞེད་དགོངས་ལ་བརྡ་ལན་བྱས་ཡོད། ང་རང་ ༡༩༩༤ ལོར་ཨ་རིར་འབྱོར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཀྱང་ཨ་རིར་ཆིབས་སྒྱུར་སྐྱོང་བཞིན་པའི་སྐབས་དང་འཁེལ་འདུག་པས། སྐབས་དེ་དུས་ཨ་རི་བ་ཁ་ཤས་ཀྱིས་ང་ལ་༸གོང་ས་མཆོག་མཇལ་རྒྱུའི་དུས་ཚོད་སྒྲིག་རྒྱུ་ཡིན་ཚུལ་བཤད་ཀྱང་ངས་མཇལ་མ་ནུས། རྒྱུ་མཚན་ནི་སྐབས་དེ་དུས་ངས་རྒྱུས་ཡོད་པའི་ཏཱ་ལའི་བླ་མ་ནི་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པའི་ཏཱ་ལའི་བླ་མ་དེ་ཡིན། ཡིན་ནའང་ང་ལ་ཕྱི་ལོ་ ༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཇལ་རྒྱུའི་གོ་སྐབས་བྱུང་ཞིང་ཁོང་གི་བྱམས་དང་། སྙིང་རྗེ།
གཞན་ལ་བརྩི་བཀུར། རྣམ་དཔྱོད། འཚེ་མེད་ཞི་བ། འགྲོ་བ་མིའི་རིན་ཐང་བཅས་ཀྱི་རླབས་ཆེན་དགོངས་བཞེད་དེ་དག་དང་། ལྷག་པར་ཁོང་གི་ཆབ་སྲིད་ཀྱི་བཞེད་དགོངས་གང་ཡིན་པ་རང་ཉིད་ནས་དངོས་སུ་ཤེས་རྟོགས་ཡོང་དུས་ངའི་སེམས་ལ་རྦད་དེ་གྱུར་བ་ཐེབས་སོང་། ལོ་ངོ་ཉེར་གཅིག་སྔོན་ལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་བོད་རིགས་འདི་ད་ལྟ་ཡང་རང་ཡུལ་བྲལ་ནས་བཙན་བྱོལ་ལ་ཞུགས་ཡོད་པ་དང་། འདི་ལོའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་དེ་ད་ལྟ་རང་དབང་བྲལ་ནས་བཙོན་ཁང་དུ་ཡོད་པས། རྒྱ་བོད་མི་རིགས་གཉིས་ནི་དམར་པོའི་སྲིད་དབང་གཅིག་སྡུད་ཀྱི་གནས་སྟངས་འོག་མི་རིགས་འདི་གཉིས་ཀྱིས་ད་དུང་བསྐྱོད་དང་སྐྱོད་བཞིན་པའི་ལམ་བུ་ཀྱག་ཀྱོག་ཡིན་མོད། འོན་ཀྱང་སྲིད་དབང་གཅིག་སྡུད་ཀྱིས་མི་ལ་མནར་གཅོད་གཏོང་ཐུབ་ཀྱང་། མི་དམངས་ཀྱིས་རང་དབང་དང་མང་གཙོར་བཅངས་པའི་བསམ་བློར་མནར་གཅོད་གཏོང་ཐབས་མེད་པ་ཞིག་རེད་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ ༢༡ འཁོར་བའི་དགའ་སྟོན་དྲན་གསོའི་མཛད་སྒོའི་བཀའ་ཤག་གི་གསུང་བཤད་སྒྲོགས་གནང་རྗེས་གསུང་བཤད་གནང་དོན། བར་ལམ་ནས་༸གོང་ས་མཆོག་གིས་མགོན་པོ་གང་ཉིད་མཆོག་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་བཀའ་སྩལ་བ་བརྒྱུད་ལམ་ཁག་ཏུ་ཐོན་དང་འཐོན་བཞིན་ཡོད་པ་དེ་ཚོར་མང་ཚོགས་ནས་ངེས་པར་དུ་དོ་སྣང་དང་འབྲེལ་བློ་འཚབ་ཀྱི་ཚོར་སྣང་ཞིག་ཡོང་མུས་ཡིན། རྒྱ་ནག་གཞུང་དང་། ལྷག་པར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་རྩ་མེད་བཟོ་རྒྱུའི་ངན་བྱུས་སྣ་ཚོགས་ཤིག་སྤེལ་གྱི་ཡོད་པ་དེ་དག་ལ་རང་རེ་མང་ཚོགས་ནས་མགོ་སྐོར་མ་ཐེབས་པའི་ཐུགས་སྣང་ཆེར་སྐྱེད་གནང་དགོས། བོད་མི་རིགས་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་རྣམས་རང་རེ་མི་རབས་གསར་པ་གཞོན་སྐྱེས་རྣམས་ཀྱི་རྒྱུད་ལ་འཇགས་པ་བྱེད་རྒྱུར་ཕ་མ་དང་ཁྱིམ་ཚང་སོ་སོ། སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་འགན་ཁུར་ཆེ་ཙམ་བཞེས་དགོས་པའི་དུས་ལ་བབ་ཡོད། ཡང་སྐུ་ཚབ་དོན་གཅོད་མཆོག་གིས་མཛད་སྒོར་ཕེབས་པའི་རྒྱ་རིགས་རྣམས་ལ་དམིགས་བསལ་གྱི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་ཅིག་རྒྱ་རིགས་མཁས་དབང་ལིའུ་ཞའོ་པོ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ནི་ལིའུ་ཞའོ་པོ་མི་གཅིག་གི་དོན་མིན་པར། མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་རྒྱ་རིགས་ཡོངས་ཀྱི་འབད་བརྩོན་དང་ལེགས་སྐྱེས་ལ་རྒྱལ་སྤྱིའི་ངོས་འཛིན་དང་། གདེང་འཇོག་ཐོབ་པ་ཞིག་ཡིན་པས་དེར་ཡོད་རྒྱ་རིགས་གྲོགས་པོ་རྣམ་པས་དམིགས་ཡུལ་དེའི་ཆེད་འབད་བརྩོན་གནང་བ་དང་། ཕུལ་བའི་ལེགས་སྐྱེས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། དེ་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས་ཀྱང་ནིའུ་ཡོཀ་དང་། ནིའུ་འཇར་སི་བོད་མི་ཚང་མའི་ཚབ་ཞུས་ཏེ་ཐོག་མར་རྒྱ་རིགས་གྲོགས་པོ་ཡོངས་ལ་འཚམས་འདྲི་དང་། ལིའུ་ཞའོ་པོ་ལ་ཉིས་སྟོང་བཅུ་ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བར་བཀྲིས་བདེ་ལེགས་ཞུ་བའི་རྣམ་འགྱུར་མཚོན་པ་གནང་རྗེས། བོད་རིགས་སྤྱི་མཐུན་པའི་སྤྱི་ཁང་ངམ་རིག་གཞུང་བསྟི་གནས་གསར་སྐྲུན་སྐོར་གྱི་གནས་སྟངས་གསར་པ་ཚོགས་ཡོངས་ལ་འགྲེལ་བཤད་ཞུས། དེ་ནས་ཉིན་མོའི་སློབ་གྲྭའི་སློབ་ཕྲུག་དང་། ཆོལ་གསུམ་ཟློས་གར་ཚོགས་པ། ཚོགས་སྐྱིད་ཁག སྒེར་པ་གཞས་པ་དང་གཞས་མ་རྣམས་ནས་དགའ་སྟོན་དྲན་གསོ་དང་། རྟེན་འབྲེལ་གྱི་རྣམ་འགྱུར་མཚོན་པར་བྱེད་ཆེད་རིག་གཞུང་འཁྲབ་སྟོན་གནང་།
མཛད་སྒོར་ཕེབས་པའི་རྒྱ་རིགས་སྙན་ངག་པ་ཧོང་ཞང་གིས་རིག་གཞུང་འཁྲབ་སྟོན་བལྟས་རྗེས་བོད་མིའི་ཐུན་མོང་མ་ཡིན་པའི་གཞས་ཞབས་བྲོ་དང་། གླུ་དང་གར་དེ་ཚོ་ནི་དངོས་གནས་མིང་དོན་མཚུངས་པའི་ཤར་ཕྱོགས་པའི་རིག་གཞུང་ཐུང་མོང་མ་ཡིན་པ་ཞིག་རེད་འདུག་ཅེས་རིག་གཞུང་འཁྲབ་སྟོན་ལྟ་བཞིན་མིག་ཟུང་ནས་འཆི་མ་ལྷུང་ལྷུང་དུ་འབབ་སྐབས་ཁོང་གི་འཁྲིས་ལ་ཡོད་པའི་སྐུ་ཚབ་དོན་གཅོད་དང་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་གཉིས་ལ་ཡང་སེམས་སྐྱོ་ལྷང་ལྷང་གི་ཚོར་སྣང་ཟབ་མོ་བྱུང་། མཇུག་ཏུ་ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་བསོད་ནམས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་དངོས་གཞི་མཇུག་བསྒྲིལ། ཕྱི་དྲོ་གཞས་དང་ཞབས་བྲོའི་ལས་རིམ་སྐབས་རྒྱ་རིགས་བཅུ་ནས་དགའ་སྣང་ཆེན་པོའི་ངང་སྡིངས་ཆའི་ཐོག་ཕེབས་ནས་རྨོ་ལི་ཧ་ཞེས་པའི་རྒྱ་གཞས་བཏང་། གཞས་དེ་ནི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ཨོ་སོ་ལོར་ཚོགས་པའི་གཟེངས་རྟགས་ཕུལ་བའི་མཛད་སྒོ་དངོས་གཞིའི་ཐོག་ཞི་བདེའི་གཟེངས་རྟགས་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་དམིགས་བསལ་གྱི་གཞས་དེ་ཡིན། ཐེངས་འདིའི་མཛད་སྒོར་དགུང་ལོ་ ༨༨ ལ་ཕེབས་པའི་ཕྱི་སྡོད་གྲགས་ཅན་རྒྱ་རིགས་རྩོམ་པ་པོ་བགྲེས་སོང་རྡུང་ཏིང་ཧྲན་ཡང་ཆེད་ཕེབས་གནང་ཡོད་པ་བཅས། །