༢༠༡༠ ཟླ་ ༡༢ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༢ ཉིན་སྤོག་ར་གཞིས་ཁག་གི་ལས་འགུལ་ཚོགས་ཆུང་གིས་གོ་སྒྲིག་ཞུས་པ་ལྟར། སྤོག་ར་བཀྲ་ཤིས་གླིང་ཚོགས་ཁང་འདོད་རྒུ་འཁྱིལ་ནང་ལོ་ ༦༢ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་འགྲོ་བ་མིའི་ཐོབ་ཐང་དང་སྐྱབས་བཅོལ་བ་་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད།
དེ་ཉིན་ཆུ་ཚོད་ ༡་༣༠ ཐོག་སྐུ་མགྲོན་གཙོ་བོ་བལ་གཞུང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ས་གནས་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་ཡཀྱ་པྲས་ཨ་ལྷི་ཀ་རི་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སམབྷད་ནེ་པལ་ཚོགས་གཙོ་ནིལ་ཀྟ་ཤར་མ། ནེ་པལ་རྒྱལ་ཡོངས་གསར་འགོད་ཚོགས་པའི་ས་ཁུལ་སྤྱི་ཁྱབ་ཚོགས་གཙོ་ནཱརན་ཀར་ཀི།ནེ་པལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ས་གནས་ཚོགས་གཙོ་ནཱ་རན་བྷ་ས་ཏོ་ལ། ཁྲིམས་རྩོད་པ་རམ་ཙྡར་ཏིར་པཏྲི། གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅས་ཡུལ་མི་གྲངས་ཉི་ཤུ་སྐོར་དང་། གཞིས་ཁག་གི་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྣམ་པའི་གཙོས་ལས་ཀྱི་སྣེ་མོར་གཏོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྒྱུན་ལས་སོགས་མི་གྲངས་བརྒྱད་ཅུ་སྐོར་བཅས་ཁྱོན་བསྡོམས་མི་གྲངས་བརྒྱ་སྐོར་ཞིག་ཚོགས་འཛོམས་གནང་ཡོད།སྐུ་མགྲོན་རྣམ་པ་རེ་རེ་བཞིན་ངོ་སྤྲོད་ངང་འབྲེལ་ཕེབས་བསུའི་མཇལ་དར་སྒྲོན་ནས་བཞུགས་གྲལ་དུ་འཁོད་པ་དང་། མཛད་རིམ་ཐོག་མར་སྐུ་མགྲོན་གཙོ་བོ་ནས་སྣང་གསལ་ཞལ་འབྱེད་གནང་རྗེས། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བསོད་ནམས་བཟང་པོ་ལགས་ནས་ཚོགས་ཕེབས་རྣམ་པར་དགའ་བསུའི་འཚམས་ཞུ་གནང་བ་དང་ཆབས་ཅིག་ཚོགས་འདུའི་བརྗོད་གཞིའི་སྐོར་ངོ་སྤྲོད་གནང་།
དེ་རྗེས་སྐུ་མགྲོན་རྣམས་ནས་རིམ་བཞིན་དགོངས་འཆར་གསུང་བཤད་གནང་། ཚོགས་འདུའི་ཐོག་བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་གྲོས་ཆོད་ལ་མིང་རྟགས་བཀོད་མེད་རྐྱེན་འཛིན་སྐྱོང་གི་སྣང་མེད་ཐོག་ནས་ ༡༩༩༤ ལོ་ཚུན་ཆད་ནས་བོད་མི་ན་གཞོན་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་སྤྲད་མེད་སྟབས་ན་གཞོན་རྣམས་ལ་མཐོ་རིམ་སློབ་སྦྱོང་དང་། ལས་ཀའི་གོ་སྐབས་མདོར་ན་ཁ་ལོ་བའི་ལག་འཁྱེར་བཟོ་རྒྱུ་ཚུན་མ་རེག་པའི་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་སྐོར་དང་། བལ་གཞུང་གི་ཁྲིམས་ནང་ཡུལ་མི་སྤྱི་མཚུངས་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དང་། གཞུང་གི་ལས་བྱེད་ལ་ཞུགས་རྒྱུའི་ཐོབ་ཐང་མ་གཏོགས་དེ་མིན་འཚོ་བའི་འདུ་འགོད་དང་། ལས་རིགས་གང་ལའང་ཞུགས་ཆོག་པའི་ཐོབ་ཐང་ཡོད་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་མཚམས་ཀྱིས་རིས་སུ་མ་ཆད་པའི་གང་ཟག་ཀུན་ལ་ཐོབ་ཐང་འདྲ་མཉམ་ཡོད་སྐོར་སོགས་ཀྱི་འགྲེལ་བརྗོད་གནང་། དེ་རྗེས་ཚོགས་འདུའི་གཙོ་སྐྱོང་ཚོགས་གཙོ་ཚེ་རིང་སྲི་བརྟན་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། དེ་བཞིན་ཕྱི་ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་སྤོག་ར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གོ་སྒྲིག་ཐོག་ཁྲོམ་གཞུང་དུ་གོམ་བགྲོད་བྱས་པའི་སྐབས་གཞིས་ཆགས་ཁག་ནས་བོད་མི་བདུན་བཅུ་སྐོར་ཞིག་ཁྲོམ་སྐོར་ནང་མཉམ་ཞུགས་བྱས་ཡོད་པ་བཅས།།