༢༠༡༠ ཟླ་ ༡༢ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གོ་སྒྲིག་ཐོག་བོད་ནང་ཆབ་སྲིད་ལས་འགུལ་སྤེལ་མཁན་སྡེ་དགེ་དགོན་གསར་དགོན་གྱི་གྲྭ་བློ་བཟང་ནོར་བུ་ལགས་དང་། མཁས་གྲུབ་རྒྱ་མཚོ་ལགས། ཀུན་དགའ་རིན་ཆེན་ལགས་གསུམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ཁོང་རྣམས་ངོ་སྤྲོད་གནང་རྗེས། གྲྭ་བློ་བཟང་ནོར་བུ་ལགས་ཀྱིས་གསུང་དོན། རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་དང་བྱེད་མུས་ཡིན། དཔེར་ན། ང་ཚོའི་དགོན་པར་མཚོན་ན་༸གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་དང་ཞབས་བརྟན་བྱེད་མི་ཆོག་པ། དེ་བཞིན་རྒྱ་གཞུང་གིས་༸གོང་ས་མཆོག་ལ་གཞི་མེད་ཀྱི་མཚན་སྨད་སྣ་ཚོགས་ཤིག་བྱེད་བཞིན་པར་བརྟེན། གྲྭ་བློ་བཟང་དོན་ཡོད་སོགས་དགེ་འདུན་པ་བཅུ་གཅིག་གིས་བོད་ལ་ཆོས་དད་རང་དབང་དགོས་པ་དང་། ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་གདན་ཞུ་དགོས་པའི་སྐད་འབོད་བྱས་ཡོད། དེར་བརྟེན་ཁོང་རྣམས་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་གཉིས་ནས་དྲུག་བར་བཟོས་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༩ ཟླ་ ༡༡ ཚེས་ ༡༠ ཉིན་ང་ཚོས་རྫ་ཁོག་ཤང་དང་དགོན་པའི་ཉེ་འགྲམ་དུ་བོད་ཀྱི་རྒྱལ་དར་བཞི་དང་། བོད་རང་བཙན་གྱི་ཡི་གེར་རང་མིང་བཀོད་དེ་ སྦྱར་སྟབས་དུས་ཡུན་རིང་པོ་་རོང་འབྲོག་དང་། ནགས་གསེབ། ་མི་མེད་ལུང་སྟོང་དུ་སྐྱ་ཆས་གྱོན་ཏེ་ཡིབ་སྡོད་བྱེད་དགོས་བྱུང་། དེ་རྗེས་ས་གནས་རྒྱ་གཞུང་ཉེན་རྟོག་པས་ང་ཚོ་འཛིན་བཟུང་ཆེད་ཐོག་མར་རྒྱ་སྒོར་ཁྲི་ ༢ དང་དེ་ནས་སྤར་ཆ་བྱས་ཏེ་ཁྲི་ ༥ བར་བྱ་དགའ་སྤྲོད་རྒྱུའི་མི་མང་ལ་ཁྱབ་བསྒྲགས་བྱས་པ་དང་སྦྲགས་ཉུལ་ཞིབ་བྱས་ཏེ་རྒྱ་དམག་ ༣༠༠ ཙམ་གྱི་ལྟོ་གཡོག་ཆུ་ལེན་དུ་ང་ཚོ་གསུམ་གྱི་ཕ་མ་རྒན་རྒོན་རྣམས་སྡུག་སྦྱོང་གིས་ཟླ་བ་གཉིས་ཙམ་མི་གཏེར་ཉར་ཡོད་པ་མ་ཟད། ཉིན་ཞིག་རྫོང་ཐོག་འདུ་སྐོང་གི་ཕྲུ་གུ་ཉེས་ཅན་རྣམས་ངེས་པར་རྩིས་སྤྲོད་བྱ་རྒྱུ་མེད་ཚེ། ཉེས་ཆད་རྒྱ་སྒོར་ཁྲི་ལྔ་ཙམ་སྒྲུབ་དགོས་པའི་ཉེན་བརྡ་བཏང་བའི་ཉིན་གཉིས་པ་དེར་ངའི་ཕ་རྒན་ནད་རླུང་གི་འདས་གྲོངས་སུ་ཕྱིན་འདུག དེ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༧ ཉིན་ལྷ་ས་ནས་རྡོག་ཐོན་གྱིས་ཉིན་གྲངས་ ༢༣ བལ་བོད་ས་མཚམས་ཤར་ཁུམ་བུ་བརྒྱུད་ཟླ་སྔོན་མའི་ཚེས་ ༡༥ ཉིན་རྡ་སར་བདེ་འབྱོར་བྱུང་། ཞེས་གསུངས་ཡོད་པ་མ་ཟད། སྐབས་དེར་ཁོང་གིས་བོད་ནང་གཞིས་ལུས་བོད་མི་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་༸ཞབས་སོར་འཁོད་རྒྱུར་སྐོམ་པ་ཆུ་འདོད་ལྟར་ངང་སྒུག་བྱེད་བཞིན་ཡོད་ཚུལ་སོགས་ཀྱི་གསལ་བཤད་གྲུབ་མཚམས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཁོང་རྣམས་ལ་མཇལ་དར་གཡོགས་ཡོད་པ་བཅས།།
རྒྱ་ནག་གཞུང་གི་དམ་བསྒྲགས་འོག་བོད་ནང་སྡོད་བཟོད་བྲལ་བའི་དགེ་འདུན་པ་གསུམ་རྡ་སར་འབྱོར་བ།
གསར་གནས།
འབྲེལ་གནས།