༢༠༡༠ ཟླ་ ༡༢ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢ ཐོག་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ་བོད་སོག་ལར་་རྒྱ་གཅིག་གྱུར་གྱི་ཆིངས་ཡིག་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་ཉིན་གཉིས་ཀྱི་ཚོགས་འདུ་འགོ་འཛུགས་གནང་ཡོད། ཚོགས་འདུའི་སྐབས་གསུང་བཤད་གནང་མཁན་མི་སྣ་བདུན་ཡོད་པ་རྣམས་ནི་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་ས་རཱའི་རྒྱལ་རབས་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས། ཨ་རིའི་ཨིན་ཌི་ཡ་ནའི་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེལ་ལི་ཡོཊ་༝སི་པར་ལིང་ལགས། (Prof. Elliot Sperling) ཁེ་ཎ་ཌ་བྷིར་ཊི་ཤི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭའི་མཁས་དབང་ཚེ་རིང་ཤཀྱཱ་ལགས། ཝར་ཎ་མཐོ་སློབ་ཀྱི་རྒྱལ་རབས་མཁས་དབང་སློབ་དཔོན་བྱམས་པ་བསམ་གཏན་ལགས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་འཛིན་དང་ལོ་རྒྱུས་ཉམས་ཞིབ་པའི་མཁས་དབང་བཀྲི་ཤིས་ཚེ་རིང་ལགས་བཅས་ཡིན་འདུག གཞན་ཡང་ཚོགས་བཅར་བའི་ཁོངས་སུ་བཙན་བྱོལ་བོད་གཞུང་ལྷན་ཁང་ཁག་གི་བཀའ་བློན་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བཙན་བྱོལ་བོད་གཞུང་ལྷན་ཁང་ཁག་གི་སྲི་ཞུ་བ་དྲུང་གཞོན་ཡན་དང།
གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་བཅས་ཁྱོན་མི་གྲངས་ ༨༠ ཙམ་ཕེབས་ཡོད། དེ་ཡང་མཛད་སྒོའི་ཐོག་མར་ཕྱི་དྲིལ་དྲུང་འཕར་བཀྲིས་ལགས་ནས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང། དེ་རྗེས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་གི་ཚོགས་འདུའི་བརྗོད་གཞི་བོད་སོག་དབར་གྱི་ཆིངས་ཡིག་བཞག་པ་དང་། དེ་བཞིན་བོད་དང་མན་ཇུའི་དབར་ལོ་རྒྱུས་ཐོག་འབྲེལ་བ་གང་འདྲ་བྱུང་ཡོད་མིན་ཐོག་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ཟླ་བ་བཅུ་པའི་ནང་སོག་པོར་ཚོགས་འདུ་ཚོགས་ཡོད། དེ་རིང་གི་ཚོགས་འདུ་འདི་ང་ཚོའི་ལས་ཁུངས་ནས་གལ་གནད་ཆེན་པོ་ཞིག་བརྩིས་ཐོག་བཀའ་ཤག་ལ་བཀའ་འཁྲོལ་ཞུས་ཏེ་ཉིན་གཉིས་རིང་གི་བགྲོ་གླེང་ཚོགས་འདུ་ཚོགས་རྒྱུའི་གོ་སྒྲིག་བྱས་པ་ཞིག་ཡིན། སྤྱིར་བགྲོ་གླེང་གནང་མཁན་ཚོར་ཐུགས་བྲེལ་ཆེན་པོ་ཡོད་ཀྱང་ང་ཚོ་ཕྱི་དྲིལ་ལས་ཁུངས་ནས་འབོད་སྐུལ་ཞུས་པ་ལྟར་ཆེད་ཕེབས་གནང་བར་ངས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། དེ་རིང་གི་བརྗོད་གཞི་འདི་ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད་པར་བརྟེན། འདི་གར་ཕེབས་པའི་གཞུང་གི་མཛད་གཙོ་རྣམ་པས་གསན་འདོད་ཆེན་པོ་ཡོད་པ་རེད་སྙམ་གྱི་འདུག་པས། ཁྱེད་རྣམས་ནས་ཐུགས་སྣང་ཆེར་སྐྱེད་གནང་རོགས་ཞུ་རྒྱུ་དང་ལྷན་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་། དེ་རྗེས་སྐུ་ཞབས་བཀྲིས་ཚེ་རིང་ལགས་ཀྱིས་བགྲོ་གླེང་ཚོགས་འདུའི་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་བསྟུན་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་སོག་ཆིངས་ཡིག་མ་བཞག་གོང་གི་བོད་དང་མན་ཇུ་དབར་གྱི་འབྲེལ་བའི་སྐོར་དང། དེ་རྗེས་ས་རཱའི་རྒྱལ་རབ་སློབ་དགེ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བོད་སོག་གཉིས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། བོད་སོག་གཉིས་ཀྱི་ཆིངས་ཡིག་སྔ་རྗེས་སྐོར་གསུང་བཤད་གནང། དེ་ནས་གསོལ་ཇའི་བར་གསེང་གྲུབ་མཚམས་སྐུ་ཞབས་ཚེ་རིང་ཤཱཀྱ་ལགས་ཀྱིས་ (Mongolia and Tibet,Search for Nations,A comparative study of State Formation in Mongolia and Tibet in the early part of 20th Century)
ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། དེ་རྗེས་ཉིན་དང་པོའི་གསུང་བཤད་མཐའ་མ་དེ་གཙུག་ལག་སློབ་དཔོན་སྐུ་ཞབས་ཨེལ་ལི་ཡོཊ་༝སི་པར་ལིང་ལགས་ཀྱིས་ཕྱི་ལོ་ ༡༩༡༣ ལོར་བོད་སོག་ཆིངས་ཡིག་སྐོར་གསུང་བཤད་གནང་ཡོད་པ་བཅས།།