༢༠༡༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་༡༢ ཚེས་ ༢ ནས་ ༣ བར་རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གི་ཚོགས་ཁང་དུ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གོ་སྒྲིག་ཐོག་བོད་མིའི་གསར་འགོད་པའི་ཟབ་སྦྱོང་དབུ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་དང་། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས། དེ་བཞིན་བལ་ཡུལ་དང་རྒྱ་གར་ལྷོ་ཕྱོགས རྡ་ས་ཁུལ་གྱི་རླུང་འཕྲིན་དང་གསར་ཤོག་ཁག་གི་གསར་འགོད་པ་གྲངས་ ༢༨ ཙམ་ལྷན་འཛོམས་ཀྱིས་ཐོག་མར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་ལས་བྱེད་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་། དེ་ནས་འགན་འཛིན་ཀརྨ་ཡེ་ཤེས་ལགས་ཀྱིས་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དམིགས་དོན་དང་འབྲེལ་བའི་ཟབ་སྦྱོང་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་གྱི་དབུས་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་རྣམ་པར་འཚམས་འདྲིིའི་བཀྲིས་བདེ་ཞུ་རྒྱུ་ཡིན། ནོར་ཝེ་རླུང་འཕྲིན་ཁང་དབུ་བརྙེས་དུས་གསར་འགྱུར་ཐད་སློབ་སྦྱོང་ཡོད་པའི་མི་སྣ་མ་འདང་བའི་དཀའ་ངལ་ཞིག་འོག་ལས་གཞི་འདི་དབུ་འཛུགས་གནང་ཡོད། ད་ལྟ་འདི་གར་ཕལ་ཆེ་བ་ཞིག་དམིགས་བསལ་སློབ་སྦྱོང་གནང་རྒྱུ་བྱུང་མེད་ནའང་། སེམས་ཤུགས་དང་ཉམས་མྱོང་གིས་འབད་བརྩོན་ཐོག་ནས་ཕྱག་ལས་མང་པོ་གནང་སྟེ་ཧ་ཅང་ཡག་པོ་བྱུང་ཡོད། དེང་སྐབས་རྒྱལ་སྤྱིའི་སྟེང་གནས་ཚུལ་ཚད་ལྡན་མིན་ལ་མ་བལྟོས་པར་སྐར་མ་ཁ་ཤས་རྗེས་ཐོན་གྱི་ཡོད། དེ་མཚུངས་ང་ཚོའི་སྤྱི་ཚོགས་ནང་སྙོབ་ཐུབ་པ་ཞིག་དང་། སྐབས་འཕྲལ་གནས་ཚུལ་བཀོད་ཐུབ་ཙམ་མ་ཡིན་པར་རྒྱབ་ལྗོངས་ཡག་པོ་ཤེས་ཐུབ་པ་གནང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། དེ་བཞིན་གནས་ཚུལ་ཏག་ཏག་ལེགས་པོ་ཞིག་ཡོང་ཆེད་ཕན་ཚུན་ཉམས་མྱོང་སྤེལ་རེས་གནང་དགོས་ཞེས་སོགས་ཀྱི་
གསུང་བཤད་གནང་ཡོད། དེ་ནས་ཟབ་སྦྱོང་བ་རྣམས་ཕན་ཚུན་ངོ་སྤྲོད་གནང་རྗེས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་༸གོང་ས་ལྔ་པ་ཆེན་པོ་མཆོག་ནས་བཟུང་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་གསར་འགོད་པའི་ཤེས་བྱའི་ཐོག་གསུང་བཤད་ཀྱིས་དྲི་བ་དྲིས་ལན་གནང་ཡོད། དེ་རྗེས་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་ཕྱུག་ལགས་དང་བོད་ཀྱི་དུས་བབ་གསར་ཤོག་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲིས་ལགས་གཉིས་ཀྱིས་བོད་མིའི་གསར་འགྱུར་བརྒྱུད་ལམ་གྱི་འཕེལ་རིམ་སྐོར་ལ་གསུངས་གྲུབ་བསྟུན་སྐུ་སྒེར་རྒྱ་སྐད་སྡེ་ཚན་གྱི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ནས་རྒྱ་གཞུང་གི་གསར་འགྱུར་བརྒྱུད་ལམ་གྱི་ནུས་སྟོབས་སྐོར་ལ་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་ཡོད་པ་བཅས།