༢༠༡༠ ཟླ་ ༡༢ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར་ཉིན་བོད་དབུས་ཁུལ་གྱི་ས་གནས་འདམ་ཞུང་ས་ཁུལ་གྱི་ཉེ་འགྲམ་དུ་ཕྱེད་ཡོལ་ཆུ་ཚོད་ ༤།༣༩ ཙམ་ལ་ས་ཡོམ་ཤུགས་ཚད་ ༥།༥ ཙམ་ཞིག་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག ས་ཡོམ་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་ཀྱི་རྒྱང་ཐག་ཀི་ལོ་མི་ཊར་ ༨༡ ཙམ་གྱི་སར་བརྒྱབ་ཡོད་སྐོར་ཨ་རི་ས་གཤིས་དཔྱད་རིག་ཁང་ནས་བརྗོད་འདུག དེ་ཡང་འདམ་གཞུང་ས་གནས་མི་དམངས་ལས་དོན་ཁང་གིས་ས་ཡོམ་དེས་འདམ་གཞུང་ཁུལ་གྱི་གྲོང་སྡེ་ཁག་བརྒྱད་ཙམ་གྱི་མི་དམངས་ཚོར་རྨད་སྐྱོན་གང་ཡང་བྱུང་མེད་ཚུལ་བརྗོད་པ་ཨེ་ཨེཕ་པི་ (AFP) གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་འདུག ལྷ་སའི་ས་གཤིས་དཔྱད་རིག་ཁང་གི་བུད་མེད་ལས་བྱེད་པ་ཞིག་གིས་བརྗོད་པར་གཞིགས་ན་ལྷ་ས་གྲོང་ཁྱེར་ནང་ས་ཡོམ་གྱི་འགུལ་ཤུགས་ཅུང་ཟད་ཙམ་ལས་བྱུང་མེད་པའི་འགྲེལ་བརྗོད་བྱས་འདུག་པ་བཅས།།
བོད་དབུས་ཁུལ་དུ་ས་ཡོམ་ཤུགས་ཚད་འབྲིང་ཙམ་ཞིག་བརྒྱབ་པ།
གསར་གནས།
འབྲེལ་གནས།