༢༠༡༠ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༦ ཉིན་བཙན་བྱོལ་བོད་མིའི་མང་གཙོ་དང་བོད་ནང་གི་གནས་སྟངས་སྐོར་འཛིན་རིམ་བཅུ་གཅིག་གི་སློབ་ཕྲུག་ཁག་གཅིག་ལ་ངོ་སྤྲོད་ཀྱི་ཟབ་སྦྱོང་ཐེངས་བདུན་པ་དེ་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས། རྡོ་རྗེ་གླིང་དང་ཀ་སྦུག་སློབ་གྲྭའི་རེག་ཊར་དང་དགེ་རྒན་འགའ་ཤས། དེ་བཞིན་རྒྱ་བལ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་བཅས་ཁྱོན་དགེ་ལས་སློབ་ཕྲུག་གྲངས་ ༡༠༠ བརྒལ་ལྷན་འཛོམས་ཀྱི་ཐོག་མར་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་དོན་དང་ལས་འཆར་ངོ་སྤྲོད་གནང་མཚམས་སྤྱི་འཐུས་ཚོགས་གཞོན་མཆོག་གིས་བོད་གཞུང་གི་འཛིན་སྐྱོང་སྤེལ་གསུམ་ཐད་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ་ཕྱོགས་སྒྲིག་ཞུས་པ་དཔེ་དེབ་ལྔ་པ་དེ་དབུ་འབྱེད་དང་སྦྲགས་གསུང་བཤད་གནང་བའི་སྙིང་དོན་ནི། དང་པོ་ང་ཚོ་རང་ཉིད་ངོ་ཤེས་པ་བྱས་ཏེ་རང་གི་རྒྱལ་ཁབ་གང་འདྲ་ཡིན་པ་དང་དེའི་སྒྲིག་འཛུགས་ཤེས་པ་བྱེད་དགོས། མ་འོངས་ང་ཚོ་བོད་དེ་གང་འདྲ་ཆགས་མིན་ནི་སློབ་ཕྲུག་ཚོར་རག་ལུས་ཡོད་པར་བརྟེན། ཁྱེད་རྣམས་གལ་ཆེན་པོར་བརྩིེས་ཏེ་བཀའ་ཁྲི་མཆོག་གིས་ཀྱང་། ཟབ་སྦྱོང་འདིར་ད་བར་ཆད་མྱོང་མེད་པར་ཟབ་ཁྲིད་གནང་བར་ཕེབས་ཀྱི་ཡོད།
སྐབས་རེ་ང་ཚོ་བོད་པས་ལས་དོན་སྒྲུབ་སྐབས་གློ་བུར་དུ་ཚོར་ཤུགས་ཆེན་པོས་ལྒང་ཕུག་ལ་ཕུག་བཏབ་པ་ལྟར་བྱེད་ཀྱི་ཡོད་ཀྱང་དེ་ལྟར་མིན་པར་རྒྱུན་བསྲིངས་བྱེད་དགོས་པ་ཞིག་ཡིན། ད་རེས་གཙོ་བོ་སློབ་ཕྲུག་ཚོས་དུས་ཚོད་འཕྲོ་བརླག་མ་བཏང་བར་འདི་ནས་སློབ་སྦྱོང་གི་ཉམས་མྱོང་གང་རགས་པ་དེ་དག་སོ་སོའི་སྤྱི་ཚོགས་དང་སློབ་གྲྭ འཛིན་གྲྭའི་སློབ་ཕྲུག་རྣམས་ལ་འགྲེལ་བཤད་བྱེད་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་སློབ་ཕྲུག་རྣམས་ནས་རང་ཉིད་ངོ་སྤྲོད་དང་མ་འོངས་མདུན་ལམ་སྐོར་ལ་བསམ་ཚུལ་བརྗོད་ཡོད། དེ་བཞིན་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་བོད་གཞུང་གི་སྒྲོམ་གཞི་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང། ད་ཐེངས་ཟབ་སྦྱོང་འདིར་བཙན་བྱོལ་བོད་གཞུང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་འབྲེལ་ཡོད་མི་སྣ་ ༣༦ ཙམ་གྱི་ཉིན་དགུའི་རིང་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་དོན་དང་། བོད་ཀྱི་ཆོས་དང་རིག་གཞུང་། བོད་ནང་གི་གནས་སྟངས་དང་ཁོར་ཡུག རྡ་སའི་ཁུལ་གྱི་བོད་པའི་བསྟི་གནས་ཁག་ཏུ་སྐོར་བསྐྱོད་བཅས་གནང་རྒྱུ་ཡིན་འདུག་ལ་བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་ ༡༨ ནས་སློབ་ཕྲུག ༡༡༧ ཙམ་མཉམ་ཞུགས་གནང་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།།