༢༠༡༠ ཟླ་ ༡༢ ཚེས་ ༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡ ཉིན་བཞུགས་སྒར་རྡ་སའི་མེག་གྷན་རླངས་འཁོར་འབབ་ཚུགས་སུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་། འདམ་ག་ཚོགས་པ། ཀུན་ཕན་ཚོགས་པ་ཐུན་མོང་གིས་གོ་སྒྲིག་ཐོག་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུས་པ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་གོ་སྒྲིག་ཞུ་མཁན་གྱི་ལས་བྱེད་རྣམ་པས་མང་ཚོགས་ལ་ནད་གཞི་དེའི་སྐོར་ངོ་སྤྲོད་དང་། སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཤེས་བྱའི་ཡིག་ཆ་སོགས་འགྲེམས་སྤེལ་བྱས་པ་དང་། ཆབས་ཅིག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་སྐལ་བཟང་ལྷ་མོ་ལགས་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་ཉིན་དེར་ཆེད་དུ་གནང་བའི་གསུང་བཤད་སྒྲོགས་སྦྱང་གནང་དོན། ལོ་ལྟར་ཕྱི་ ཟླ་ ༡༢ ཚེས་ ༡ ཉིན་འཛམ་གླིང་ཨེཌས་ཉིན་མོ་སྲུང་བརྩི་ཞུ་གི་ཡོད་ཅིང་།
དེ་རིང་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡ གི་འཛམ་གླིང་ཨེཌས་ཉིན་མོ་འདིར་བོད་མི་ཡོངས་ལ་འཚམས་འདྲི་དང་སྦྲགས བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ནད་གཞི་འདིར་གཉན་ནད་རེག་དུག་ཅེས་འབོད་ཀྱི་ཡོད། འདི་ལོའི་འཛམ་གླིང་ཨེཌས་ཉིན་མོའི་བརྗོད་གཞི་ནི་ Universal access and human rightsཞེས་ཡིན་ཞིང་། འདི་ནི་རྒྱལ་སྤྱིའི་ནང་གང་ཟག་རེ་རེ་ལ་ནད་གཞི་འདི་རང་ཉིད་ལ་མ་འགོས་པའི་ཐབས་ལམ་བསྟེན་རྒྱུར་མཐུན་རྐྱེན་འདེང་ངེས་དགོས་པ་དང་། དེ་དང་ཕྱོགས་མཚུངས་ནད་གཞི་ཡོད་མཁན་རྣམས་ལའང་སྨན་བཅོས་མཐུན་རྐྱེན་ལ་སོགས་པ་མཁོ་སྒྲུབ་བྱ་བདེ་དང་། མཐུན་རྐྱེན་དེ་དག་མཁོ་སྒྲུབ་བྱ་རྒྱུ་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༠༨ ཀྱི་ཨེཌས་ཉིན་མོ་ནས་བཟུང་རང་རིགས་གནས་ཡུལ་གཞིས་ཆགས་ཁག་ནང་ནད་གཞི་ཡོད་མེད་རིན་མེད་བརྟག་དཔྱད་ལས་འགུལ་ཞིག་བརྩམས་ཡོད། དེ་དང་ཆབས་ཅིག་མང་ཚོགས་ཁྲོད་གོ་རྟོགས་ཡོང་ཆེད་ལས་འགུལ་ཡང་ཤུགས་ཆེ་སྤེལ་དང་སྤེལ་མུས་ཡིན། དེར་བརྟེན་བཙན་བྱོལ་བོད་མི་ཕལ་མོ་ཆེས་གཉན་ནད་རེག་དུག་གསལ་རྟོགས་ཐུབ་པ་བྱུང་ཡོད་པའི་རེ་བ་ཡོད་ལ་ནད་གཞི་འདིར་སྨན་བཅོས་བྱས་ཏེ་ནད་རྟགས་ཐོན་པའི་རིགས་ལ་ནད་གཞི་ཇེ་སྡུག་ཏུ་མི་འགྲོ་བར་ཚེ་བསྲིངས་པའི་སྨན་ཡོད་པ་ལས་ནད་གཞི་གཙང་དྲག་འགྲོ་རྒྱུ་མེད་པའི་ཐད་ཤེས་རྟོགས་ཡོད་པར་རེ་བ་ཞུ་བཞིན་ཡོད། རིན་མེད་བརྟག་དཔྱད་ལས་འགུལ་དེའི་ནང་ད་བར་མི་གྲངས་ ༡༡༣༡༥ ལྷག་ཙམ་ནས་མཉམ་ཞུགས་གནང་ཡོད། གྲངས་འབོར་འདི་ནི་བཙན་བྱོལ་ནང་གི་བོད་མིའི་གྲངས་འབོར་ལ་གཞིགས་ན་བརྒྱ་ཆ་དགུ་ལྷག་ཙམ་རེད། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་ནང་རིན་མེད་བརྟག་དཔྱད་མུ་མཐུད་གནང་རྒྱུ་ཡིན་ན། ཚང་མས་ངེས་པར་དུ་མཉམ་ཞུགས་གནང་རྒྱུ་གལ་ཆེ་ཡིན། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ནང་ནད་རྟགས་ཐོན་པ་ཆེས་ཉུང་ཤས་ལས་མི་འདུག་རུང་། ད་དུང་ཡིན་ཡང་བགས་མེད་ལྷོད་ཡངས་སུ་མ་འགྲོ་བར་ཚང་མས་སྤྱི་སྒེར་གཉིས་བསམས་ཀྱིས་གཟབ་ནན་བྱེད་རྒྱུ་ཤིན་ཏུ་གལ་འགངས་ཆེ། དེང་དུས་འཛམ་གླིང་ནང་གཉེན་ནད་རེག་དུག་མྱུར་ཚད་མཐོ་བོའི་ངང་ཁྱབ་བརྡལ་འགྲོ་བཞིན་ཡོད། དེ་ཡང་འཛམ་གླིང་ནང་ཉིན་རེར་མི་ ༧༥༠༠ ཙམ་ལ་ནད་གཞི་འདི་འགོས་ཀྱི་ཡོད་པ་དང་མི་འབོར་ས་ཡ་སུམ་ཅུ་སོ་གསུམ་ཙམ་ནད་ཅན་ཡིན་འདུག ལྷག་པར་ཨེ་ཤ་ཡའི་གླིང་ཆེན་ནང་ཉེན་ཚབས་ཆེན་པོ་ཆགས་ཡོད་པ་དེ་ལྟར་ཡང་། རེ་བ་ཡེ་ནས་མེད་པ་ཞིག་མ་ཡིན་ཏེ། ཝེ་ཐི་ནཱམ་ལ་ཆ་མཚོན་ན་གཞུང་དང་གཞུང་མིན་ཚོགས་པ་ཁག་དང་མི་སྒེར་སོ་སོས་སེམས་འཁུར་ཆེན་པོ་བླངས་ཏེ་སྔོན་འགོག་ཐབས་ལམ་ཐད་གོ་རྟོགས་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན་ནས་ད་ཆ་ནད་གཞི་ཁྱབ་བརྡལ་གྱི་མྱུར་ཚད་གང་མཚམས་བཀག་ཐུབ་པ་བྱུང་ཡོད། ད་རེས་གོ་སྐབས་འདི་བརྒྱུད་བོད་མི་ཡོངས་ལ་ཟོལ་མེད་ཀྱི་འབོད་བསྐུལ་ཞུ་རྒྱུར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་ནད་གཞི་འདིའི་ཐོག་ཡིད་གཟབ་བྱེད་རྒྱུ་དང་བརྟག་དཔྱད་བྱེད་དགོས་སྐོར་ཐུགས་འཚབ་ཆེན་པོའི་ངང་བཀའ་སློབ་ཟབ་མོ་གནང་ཡོད་པར་སོང་། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་ནད་གཞི་ཡོད་མེད་བརྟག་དཔྱད་དང་སྔོན་འགོག་གི་ཐབས་ལམ་རྒྱུན་མར་བསྟེན་དགོས་པ་དང་། ནད་གཞི་འགོས་ཟིན་པ་རྣམས་ལ་མཐོང་ཆུང་དང་ཁྱད་གསོད་སོགས་མ་ཡིན་པར་བྱམས་བརྩེ་ཐོག་ནས་ངོས་ལེན་གནང་དགོས། ཁོང་ཚོའི་ངོས་ནས་ཀྱང་ནད་གཞི་གཞན་ལ་མ་འགོས་པའི་འགན་འཁུར་དང་ལེན་དགོས། བོད་ནང་བོད་མི་ཚོར་རྒྱ་ནག་གཞུང་ནས་བཙན་དབང་གིས་སྐྱེས་སྒོ་བཀག་ཅིང་། མ་ཟད་རྒྱ་ནག་ནས་སྨད་ཚོང་མ་མང་པོ་ཞིག་གཞིས་སྤོས་ཀྱིས་བོད་རིགས་སྤུན་ཟླའི་ཁྲོད་ཨཌས་གཙོ་གྱུར་ནད་གཞི་མང་དག་ཅིག་འཕེལ་ཉེན་ཡོད། བྱེས་འཁོད་བོད་མི་རྣམས་ནས་རྩ་དོན་བསྒྲུབ་རྒྱུར་དམིགས་ཏེ་བོད་མི་གཅིག་ཀྱང་ནད་གཞི་འདི་ལྟ་བུའི་འོག་མ་ཚུད་པར་གནང་དགོས་པ་ནི་སྐབས་བབས་ཀྱི་དོར་དུ་མེད་པའི་ལས་འགན་ཞིག་ཡིན་སྙམ། མཐའ་དོན་བོད་མི་ཡོངས་རྫོགས་ལུས་སེམས་ཀྱི་འཕྲོད་བསྟེན་ལེགས་ཤིང་། སྤྱི་ཚོགས་ལ་སྨན་པའི་བྱ་བ་འབའ་ཞིག་བསྒྲུབ་པའི་རེ་བ་དང་བཅས་སོགས་སྒྲོགས་སྦྱང་དང་ཕྱི་དྲོ་རྡ་སའི་ཉེ་འགྲམ་ས་ར་མཐོ་སློབ་དུ་ཆེད་བསྐྱོད་ཀྱི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་གནང་བ་མ་ཟད། རིན་མེད་ཐོག་བརྟགས་དཔྱད་དང་། གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་སྨན་ཁང་ཁག་གི་འགན་འཛིན་རྣམ་པར་སྔོན་ཚུད་ནས་བཀའ་བློན་མཆོག་གིས་གསུང་བཤད་དེ་ཆེད་གཏོང་གི་ས་གནས་ཁག་ཏུ་དེ་མཚུངས་དེ་རིང་གི་གཉན་ནད་རེག་དུག་གི་ཉིན་མོ་འདི་སྲུང་བརྩི་ཞུ་གི་ཡོད་འདུག་པ་བཅས།