༢༠༡༠ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༣ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་འཚམས་གཟིགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ་ཕྱོགས་བཞུགས་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཆོས་སྐྱོང་དབང་ཕྱུག་ལགས། ས་གནས་སྡེ་ཚན་ཁག་གི་ལས་བྱེད། ཚོགས་སྐྱིད་ཁག་གི་འཐུས་མི། དེ་བཞིན་ས་གནས་མི་མང་མི་ཉུང་བ་ཞིག་འདུ་འཛོམས་བྱུང་བའི་དབུས་སུ་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་ཀྱིས་བཀའ་ཁྲི་མཆོག་ལ་འཚམས་འདྲིའི་ཕེབས་བསུ་དང་སྦྲགས་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་པའི་ནང་གཞིས་སྒར་གྱི་ཐོག་མའི་ཆགས་རིམ་དང་། སྐྱིད་སྡུག་ཚོགས་པ་ཁག་དང་མི་མང་གི་འཚོ་ཐབས་ཇི་ལྟར་འཚོལ་གྱི་ཡོད་པ། ཆབ་སྲིད་ཀྱི་ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་པ་དང་། ཉམ་ཐག་རྒས་གཅོང་ལ་ཞིབ་འཇུག་གིས་ལྟ་སྐྱོང།
དེ་བཞིན་སློབ་གྲྭའི་འཛིན་སྐྱོང་དང་སློབ་ཕྲུག་གི་ཤེས་ཡོན། གཞིས་སྒར་གྱི་ས་ཁང་ཁྲིམས་མཐུན་ཡོང་ཐབས། ས་གནས་སུ་ཕྱོགས་བཅུའི་མི་སྣ་འདུ་སྡོད་ལ་སོང་ཁྲིམས་འགལ་བྱ་སྤྱོད་འགོག་ཐབས། མ་འོངས་གཞིས་སྒར་གཉིས་ཁྲིམས་མཐུན་རྗེས་བཙོག་ཆུའི་ཡུར་བ་དང་མཐའ་མཚམས་ལ་རྩིག་པ་རྒྱག་རྒྱུར་རྒྱབ་སྐྱོར་འབོད་སྐུལ་སོགས་སྒྲོགས་སྦྱང་ཞུས་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ད་རེས་རིམ་པ་དང་པོ་དེ་བཀའ་ཤག་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་སྲིད་བྱུས་དང་ལས་རིམ་ཁག་ལ་ཐུགས་མོས་མེད་པ་དང་འགལ་ཟླ་གནང་མཁན་སྐྱོན་བརྗོད་གནང་མཁན་ཡོངས་ལ་དང་པོ་དེར་ཐུགས་རྗེ་ཆེ་ཞུ་གི་ཡོད། རིམ་པ་གཉིས་པ་དེ་གཞུང་གི་སྲིད་བྱུས་དང་ལས་རིམ་ཚང་མར་མོས་མཐུན་གནང་སྟེ་རྒྱབ་སྐྱོར་གནང་མཁན་ཚོར་དེ་བས་ཀྱང་ཐུགས་རྗེ་ཞུ་རྒྱུའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེར་བརྟེན་གཞུང་གི་སྲིད་བྱུས་དང་ལས་རིམ་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་རྗེས་དྲན་ཐོག་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། ད་ལྟ་ཕན་ཆད་ལོ་བཅུ་ཡི་རིང་གཞིས་བྱེས་བོད་མི་སྤྱི་དང་། ལྷག་པར་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཐད་ཀར་བཙན་བྱོལ་གཞུང་གི་ལས་དོན་ཆེ་ཕྲ་ཡོངས་སུ་རྫོགས་པར་ཐུགས་སྣང་དང་མཉམ་ཞུགས་མཐུན་གྱུར་གནང་བའི་ཉེར་ལེན་ལ་བརྟེན་ནས་བཙན་བྱོལ་གཞུང་གནས་ཐུབ་པ་ཞིག་དང་། བཙན་བྱོལ་གཞུང་འདི་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀར་བཙན་བྱོལ་སྤྱི་ཚོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཐོག་འགན་ལེན་ཐུབ་པ་ཞིག་བྱུང་ཡོད་པར་བརྟེན། ངས་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་གཏད་དང་བོད་རིགས་ནང་དཀྲུག་ཤིང་བཟོ་རྒྱུའི་ལག་ཆ་སྟབས་བདེ་ཤོས་ཞིག་ལ་དོལ་རྒྱལ་རྗེས་འབྲངས་པ་དེ་དག་ཆགས་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དོལ་རྒྱལ་གྱི་རྙོག་གྲ་འདས་པའི་ལོ་ཁ་ཤས་ནང་གཙང་མ་ཞེ་དྲག་ཆགས་ཡོད། ལྡི་ལི་བསམ་ཡས་གླིང་ལྟ་བུར་ཆ་མཚོན་པ་ཡིན་ན། དོལ་རྒྱལ་རྗེས་འབྲངས་པ་དེ་ཚོའི་བསྟི་གནས་ལྟ་བུ་ཆགས་ཏེ་རྒྱུན་རིང་པོ་བསྡད་པ་རེད། ཡིན་ནའང་མི་མང་གིས་ལྷག་བསམ་འགྱུར་བ་མེད་པའི་ཐོག་ནས་གདོང་ལེན་ཡག་པོ་བྱས་པའི་ཉེར་ལེན་ལ་བརྟེན། ད་ཆ་དེ་ལྟ་བུའི་ནུས་པ་མེད་པར་ཆགས་ཡོད། ཡིན་ནའང་ཕྲན་བུའི་རྩ་བཀོག་མ་ཕྱིན་པར་འགྲོ་ཤོར་བསྡད་ཤོར་དེའི་གཡས་གཡོན་དོལ་རྒྱལ་རྗེས་འབྲངས་པ་ཚོ་ལྷག་སྟེ་བེད་སྤྱོད་གཏོང་གི་ཡོད། དེ་ཚོར་མི་མང་དང་སྤྱི་ཚོགས་ནས་ཞེ་སྣང་ཚེར་སྣང་དང་བརྗེད་སྣང་དབང་དུ་མ་སོང་བ་བྱེད་དགོས། སྤྱིར་བཏང་ཐུགས་ཁག་མེད། འོན་ཀྱང་ང་ཚོས་གདོང་ལེན་མ་བྱས་པ་ཡིན་ན་ཁེ་ཕན་དེ་ཁོང་ཚོར་རག་འགྲོ་ཡི་ཡོད། ཉེས་རྡུང་གཟེད་དགོས་པ་དང་ཤི་དགོས་བྱུང་ཡང་། གང་ལྟར་བོད་ཀྱི་བསྟན་པ་ཆབ་སྲིད་དང་བོད་སྤྱི་དོན་ལ་གནོད་པ་ཞིག་ཡིན་ན། ང་ཚོས་གདོང་ལེན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ད་དུང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ངོས་ནས་སྤྱིར་བོད་མའི་སྤྱི་ཚོགས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དཀྲུག་ཤིང་རྒྱག་རྒྱུ་དང་གཏོར་གཤིས་བཏང་རྒྱུའི་ཆེད་དུ་ལས་འགུལ་རྣམས་གྲངས་མང་པོ་ཞིག་རྩོམ་རྒྱུའི་འཆར་གཞི་ཡོད་པ་ཚང་མས་དྲ་རྒྱའི་ལམ་ནས་ཐུགས་ཞིབ་བྱུང་ཡོད་ངེས་དང་། ད་དུང་ཐུགས་སྣང་གནང་སྟེ་ལས་འགུལ་དེ་དག་འགོག་ཐབས་དང་ལམ་དུ་འགྲོ་རྒྱུར་ང་ཚོས་མཐུན་འགྱུར་མ་ཆགས་པ་བྱེད་དགོས་ལ་བཙན་བྱོལ་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་འདོན་ཐུབ་ཀྱི་མེད་ལ་མ་འོངས་པར་བཏང་མི་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ནའང་ཁོང་ཚོས་ཇི་ཙམ་ཐབས་བྱུས་ཟབ་པོ་བྱེད་པ་དེ་བཞིན་དུ་ང་ཚོས་ངོས་ནས་འཐབ་རྩོད་དང་དོགས་ཟོན་གཟབ་དུ་མ་བཏང་བ་ཡིན་ན། སྐབས་རེ་ང་ཚོ་རྗེས་ལུས་ཐེབས་པའི་ཉེན་ཁ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་སྟེ་མི་མང་གི་དྲི་བར་ལན་འདེབས་གནང་རྗེས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་བརྒྱ་དཔོན་རྡོ་རྗེ་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།