༢༠༡༠ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་རྡ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཆོག་དབུ་བཞུགས་ཐོག དབུས་ངལ་སེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་དང་ཧི་མཱ་ཅལ་ས་ཁུལ་གྱི་ས་གནས་འགོ་འཛིན་རྣམས་མཉམ་ཞུགས་ཀྱིས་བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དབུས་ངལ་སེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཚོགས་ཡོད། བཙན་བྱོལ་བོད་མིའི་དབུས་ངལ་སེལ་ཚོགས་པ་དེ་ནི་ཕྱི་ལོ་ ༡༩༨༡ ལོར་ཧི་མཱ་ཅལ་མངའ་གཞུང་ལ་དེབ་སྐྱེལ་བྱས་པའི་ཚོགས་པ་ཞིག་ཆགས་ཡོད། དེབ་སྐྱེལ་བྱས་པ་ནས་ད་བར་དབུས་ངལ་སེལ་ཚོགས་པའི་རྩ་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གང་ཡང་བཏང་མེད། འོན་ཀྱང་ཕྱི་ལོ་ ༢༠༠༦ ལོར་ཧི་མཱ་ཅལ་མངའ་གཞུང་གི་ཁྲིམས་གཞི་ཞིག་ལ་འགྱུར་བ་ཕྱིན་པ་གཞིར་བཟུང་གི་དེབ་སྐྱེལ་བྱས་པའི་ཚོགས་པ་སོ་སོའི་སྒྲིག་གཞི་དང་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་བཀའ་ཡིག་ལམ་སྟོན་ཕེབས་པ་ལྟར། ཐེངས་འདིའི་བཙན་བྱོལ་བོད་མིའི་དབུས་ངལ་སེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཚོགས་པ་དང་སྦྲགས། དབུས་ངལ་སེལ་ཚོགས་པའི་རྩ་ཁྲིམས་དང་སྒྲིག་གཞི་ལ་སྐྱར་བཅོས་དང་སྣོན་འཕྲི་སྤོར་གཅོག་གཏོང་དགོས་པའི་གནད་དོན་སྐོར་གོ་བསྡུར་ཞུ་རྒྱུ་དང། དེ་རྗེས་བསྐྱར་བཅོས་དང་སྣོན་འཕྲི་སྤོར་གཅོག་བྱས་པའི་རྩ་ཁྲིམས་དང་སྒྲིག་གཞི་རྣམས་ཧི་མཱ་ཅལ་མངའ་གཞུང་ལ་སྙན་སེང་ཞུ་དགོས། ཧི་མཱ་ཅལ་མངའ་གཞུང་གིས་བསྐྱར་བཅོས་བྱས་པའི་ཁྲིམས་དང་སྒྲིག་གཞིར་བཀའ་ཁྲོལ་ཐོག་གཏན་འབེབས་གནང་བ་རྣམས་ཧི་མཱ་ཅལ་མངའ་གཞུང་གི་དེབ་སྐྱེལ་ལས་ཁུངས་སུ་ཕུལ་ཏེ་ཁྲིམས་མཐུན་གྱི་ཚོགས་པ་དེབ་སྐྱེལ་ཞིག་ཆགས་རྒྱུར་དགེ་མཚན་ཡོད་འདུག་པ་བཅས།།
བཀའ་ཁྲི་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་དབུས་ངལ་སེལ་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཚོགས་པ།
གསར་གནས།
འབྲེལ་གནས།