༢༠༡༠ ཟླ་ ༡༢ ཚེས་ ༦ རེས་གཟའ་ཟལ་བ།
༄༅། །བཙན་བྱོལ་བོད་གཞུང་འཆར་འགོད་ལས་ཁུངས་ནས་ཕྱི་ལོ་ ༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དཔར་སྐྲུན་ཟིན་པའི་གསལ་བསྒྲགས་སྤེལ་ཡོད། དེ་ཡང་སྙན་ཐོ་དེའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༢ ནང་ཚུད་ལ་བཙན་བྱོལ་དུ་གནས་པའི་བོད་མི་གྲངས་འབོར་ ༡༢༧༩༣༥། ཡོད་པའི་ནང་ནས། ༧༠༥༥༦ ཙམ་སྐྱེས་པ་ཡིན་པ་དང། ༥༧༣༧༩ བུད་མེད་ཡིན་འདུག རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས་ ༩༤༢༠༣ ཡོད་པ་དང། བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས ༡༣༥༡༤ ཡོད། འབྲུག་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས་ ༡༢༩༨ ཡོད། དེ་མིན་ས་གནས་གཞན་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་གྲངས ༡༨༩༢༠ ཡོད། བོད་ཕྱི་རུ་གནས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༣ ཡིན། དེ་མིན་བརྒྱ་ཆ་ལྷག་མ་བོད་ནང་ཡོད།
འདས་པའི་ལོ་ ༣༠ རིང་ཁྱོན་ཡོངས་སུ་ལོ་རེའི་བོད་མི་སྐྱེས་ཚད་བརྒྱ་ཆ་ ༢།༨ ཙམ་ནང་གནས་པ་དེ་ད་ཆ་བརྒྱ་ཆ་ ༢ ཡིན། མཐའ་མའི་མི་འབོར་ཞིབ་བཤེར་གྱི་གྲངས་ཚད་ལ་གཞིགས་ན་བཙན་བྱོལ་ནང་ལོ་རེའི་བོད་མི་སྐྱེས་ཚད་བརྒྱ་ཆ་ ༡།༩༦ ཡིན།
བཙན་བྱོལ་བོད་མིའི་ཕོ་མོའི་གྲངས་ཚད་ནང་སྐྱེས་པ་གྲངས་ ༡༠༠༠ དང་། བུད་མེད་གྲངས་ ༧༩༨ ཡོད། ཁྱོན་ཡོངས་ཀྱི་འབྲི་ཀློག་ཤེས་མཁན་ད་ལྟའི་འཆར་བརྒྱ་ཆ་ ༡༠།༡ ཡིན་པ་དང། ཕྱི་ལོ་ ༡༩༩༨ ལོར་འབྲི་ཀློག་ཤེས་མཁན་བརྒྱ་ཆ་ ༦༩།༣ ཡིན། ཕྱི་ལོ་ ༢༠༠༩ ལོར་འབྲི་ཀློག་ཤེས་མཁན་བརྒྱ་ཆ་ ༧༩།༤ ཡིན། གོང་འཁོད་ཀྱི་སྙན་ཐོ་དེ་བཞིན་དེ་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༢ ཉིན་ལེགས་སྒྲུབ་ཟིན་པ་ཞིག་ཡིན་འདུག་པ་བཅས།།
ཕྱི་ལོ་ ༢༠༠༩ ལོའི་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་དཔར་སྐྲུན་ཟིན་པ།
གསར་གནས།
འབྲེལ་གནས།