༢༠༡༠ ཟླ་ ༡༢ ཚེས་ ༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༤ རེ་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཁྱོའི་ཤིན་ཇུ་ཀུའི་གཞུང་ལམ་དུ་བོད་མི་དང་ཉི་ཧོང་མི་རིགས། བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༨༠ ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་དང་སྦྱར་ཡིག་ཐོགས་ཏེ་བོད་ལ་རང་དབང་དགོས། བོད་ནང་མི་གསོད་མཚམས་འཇོག་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་འགྲོ་བཞིན་པར་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད། སྐད་འབོད་ཀྱི་ལས་འགུལ་དེ་ཉི་ཧོང་བོད་རིགས་ཚོགས་པ་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པ་ (Tibet Koryukai) ་ཞེས་པའི་ཚོགས་པ་གཉིས་དང་།
གཞན་ཡང་ཉི་ཧོང་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དྲུག་ཙམ་ཟུང་འབྲེལ་ཐོག་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག སྐབས་དེར་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཀི་ནོ་སའི་ཤུ་དང་རྒྱལ་ས་ཊོཀ་ཁྱོའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཨི་ཤི་ཧ་ར་ཤིན་ཏཱ་རོ་མཆོག་གི་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གནས་འཕྲིན་རྣམས་བཀླགས་ཡོད། གནས་འཕྲིན་གྱི་ནང་ཁོང་ཚོས་བོད་ཀྱི་གནད་དོན་ཐད་གདུང་སེམས་མཉམ་སྐྱེ་ཡོད་སྐོར་དང། བོད་ཀྱི་གནད་དོན་དེ་དྲང་བདེན་གྱི་གནས་ཚུལ་ཞིག་ཡིན་པ་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་རྒྱུར་འབད་བརྩོན་གང་ཡོང་བྱ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་པ་མ་ཟད། སྐབས་དེར་སྐུ་ཞབས་ཝ་ཀའོ་མི་མཆོག་གིས་ཉི་ཧོང་དགེ་འདུན་པའི་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ཉི་ཧོང་མི་མང་ཚོས་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་དེ་དག་འཛམ་གླིང་ཕྱི་ལ་གསལ་སྟོན་བྱེད་དགོས་པ་མ་ཟད། ཉི་ཧོང་སྲིད་གཞུང་གིས་བོད་ཀྱི་གནད་དོན་སྣང་མེད་དུ་འཇོག་ཐབས་མེད་སྐོར་སོགས་འཁོད་ཡོད། དེ་བཞིན་སྐབས་དེར་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱི་གསར་འགྱུར་འགན་འཛིན་སྐུ་ཞབས་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་ཉི་ཧོང་བོད་གཞུང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས་ཀྱི་གནས་འཕྲིན་བཀླགས་ཡོད། གནས་འཕྲིན་ནང་སྐུ་ཚབ་དོན་གཅོད་ལགས་ཀྱིས་བོད་དོན་ཆེད་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་གནང་མཁན་གྱི་ཚོགས་པ་ཚང་མར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ད་ལྟའི་བོད་ནང་བོད་མི་ཚོའི་ཛ་དྲག་གི་གནས་སྟངས་ཇི་ཡིན་གསལ་བཤད་ལྷུག་པོ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་ཆོལ་གསུམ་བོད་མི་ཚོས་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་བ་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཧ་ཅང་ཤུགས་ཆེན་པོ་བྱེད་བཞིན་པའི་གནས་སྟངས་དེ་དོན་དངོས་ཐོག་ད་ལྟའི་ཆར་བོད་ནང་བོད་མི་ཚོ་དམག་ཁྲིམས་འོག་གནས་པ་ལྟ་བུ་ཡིན་སྐོར་སོགས་འཁོད་ཡོད། ཕྱོགས་མཚུངས་སྐབས་དེར་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་ཤེས་ཡོན་སློབ་ཁྲིད་ཀྱི་བརྒྱུད་ལམ་ཚང་མ་རྒྱ་སྐད་ཐོག་བཙན་དབང་གིས་སྒྱུར་ཐབས་བྱེད་བཞིན་པའི་གནས་ཚུལ་རྣམས་ཚོགས་བཅར་བ་ཚོར་ངོ་སྤྲོད་བྱེད་དོན། རྒྱ་ནག་གཞུང་གིས་ལོ་ ༥༠ རིང་བཙན་ཐབས་ཀྱིས་བོད་མི་ཚོའི་བསམ་བློ་བསྒྱུར་མ་ཐུབ་པར་བརྟེན། ད་ཆ་བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེར་བརྟེན་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རྒྱ་ནག་དཔོན་རིགས་ཚོས་བོད་ཀྱི་ཐུན་མིན་རིག་གཞུང་དང་འབྲེལ་བའི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ལས་གཞི་དེ་དག་མཚམས་འཇོག་གི་འབོད་སྐུལ་ཞུ་དགོས་པའི་རེ་འདུན་ཡང་བཏོན་ཡོད་པ་བཅས།།