༢༠༡༠ ཟླ་ ༡༢ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༨ ཉིན་རྡ་ས་གངས་སྐྱིད་སྤྱི་ཐབ་ཡང་སྟེང་དུ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་འོག་སྲི་ཞུ་བའི་ལས་བྱེད་རྣམས་ལ་གཉན་ནད་རེག་དུག་དང་བོད་མི་རིགས་ཞེས་པའི་བརྗོད་གཞིའི་ཐོག་འདམ་ག་ཚོགས་པའི་ (Choice HIV/Aids) སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་ཀྱིས་གསུང་བཤད་གནང་ཡོད། དེ་ཉིན་ཕྱི་དྲོ་ ༤ ཐོག་སྲི་ཞུ་བའི་ལས་བྱེད་རྣམས་ལྷན་འཛོམས་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་སྐལ་བཟང་ལྷ་མོ་ལགས་ཀྱིས་དེ་ལྟར་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་རྣམས་ངོ་སྤྲོད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་བཤད། གཉན་ནད་རེག་དུག་འགོས་པའི་ནད་པ་ཞིག་གི་མྱོང་བའི་བརྙན་པར་ཐུང་ངུ་ཞིག་བསྟན། དེ་ནས་བློ་བཟང་ཡེ་ཤེས་ལགས་ཀྱིས་གོང་འཁོད་བརྗོད་གཞིའི་ཐོག་ལ་གསུང་བཤད་གནང་དོན། དེང་འཛམ་གླིང་ནང་གཉན་ནད་རེག་དུག་འབྱུང་ས་ཨ་ཕི་རི་ཁ་ལས་ཛ་དྲག་ཆེ་བའི་རྒྱ་ནག་ནང་གཉན་ནད་རེག་དུག་ཁྱབ་འཕེལ་གྱིས་རྒྱ་བོད་ས་མཚམ་ཞིང་ཆེན་ཡུན་ནན་དང་། སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་ཀྱི་ནང་མང་ཤོས་ཆགས་ཡོད་པ་མ་ཟད། ལྷག་པར་སྒོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་མཐུད་པ་ནས་བཟུང། བོད་ནང་ནད་གཞི་དེའི་རྦ་རླབས་འཕྱུར་བ་ལྟ་བུའི་ཁྱབ་སྤེལ་འགྲོ་བཞིན་ཡོད། དེ་བཞིན་བོད་རིགས་གཞོན་སྐྱེས་ཚོས་རང་གི་ལུས་པོའི་འཕྲོད་བསྟེན་ཙམ་མ་ཟད། སྤྱི་ཚོགས་ཧྲིལ་པོའི་འགན་ཁུར་བླང་སྟེ་བོད་མི་རིགས་ཀྱི་འཐབ་རྩོད་བྱེད་མཁན་མི་རབས་ཚད་ལྡན་དགོས་པའི་སྐོར་ལ་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་དང་། དེ་རྗེས་དྲུང་ལས་སྐལ་བཟང་ལྷ་མོ་ལགས་ཀྱིས་ཐུགས་རྗེ་ཆེ་གསུངས་ཡོད་པ་བཅས།
གཉན་ནད་རེག་དུག་སྐོར་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།