༢༠༡༠ ཟླ་ ༡༢ ཚེས་ ༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་སའི་ཉེ་འགྲམ་ཏེ་ར་ལ་ཞེས་རྒྱ་གར་གྲོང་གསེབ་སུ་སྔ་འགྱུར་རྙིང་མའི་བཙུན་དགོན་ཤུག་གསེབ་ཨོ་རྒྱན་རྫོང་གི་རྟེན་དང་བརྟེན་པ་ལེགས་གྲུབ་ཀྱི་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་བཀའ་སློབ་སྩལ་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་།
བཙུན་མའི་ལས་འཆར་ཁང་དང་བཙུན་དགོན་འགན་འཛིན་རྣམ་གཉིས་ཀྱིས་སྤོས་སྣེས་སྔོན་བསུ་ཏེ་གདན་ཞུ་སྐབས་བཀྲིས་ཞོལ་པའི་ཕེབས་བསུ་དང་གཙུག་ལག་ཁང་གིས་རྒྱལ་སྒོའི་མདུན་མགོན་པོ་གང་ཉིད་མཆོག་གིས་གསར་བཞེངས་གཙུག་ལག་ཁང་གི་དབུ་འབྱེད་དར་ཚོན་གྱི་མདུད་པ་འགྲོལ་གནང་མཛད་དེ་ནང་དུ་ཆིབས་སྒྱུར་བསྐྱངས་ཏེ་སྣང་གསལ་ཞལ་ཕྱེ་དང་འབྲེལ་རབ་གནས་བཀའ་དྲིན་བསྐྱངས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད།
དེ་ནས་བཙུན་དགོན་གྱི་སློབ་དཔོན་བསྟན་འཛིན་ཆོས་སྒྲོན་ལགས་ནས་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དགོན་སྡེ་གྲྭ་ཚང་ཁག་གི་སྐུ་ཚབ། དགོན་པའི་སྦྱིན་བདག་རྣམ་པ། དགོན་པའི་ལས་བྱེད། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠ བརྒལ་བའི་དབུས་སུ་ཞུགས་རྟེན་མཎྜལ་ཕུལ་རྗེས་བཙུན་མ་ཚོས་ཞལ་འདོན་གསུང་སྐུལ་གྱི་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་ཚིགས་བདུན་གསོལ་འདེབས་ཀྱི་ལྗགས་ལུང་དང་ཆོས་འབྲེལ་སྩལ་གྲུབ་མཚམས་བཙུན་མའི་ལས་འཆར་གྱི་འགན་འཛིན་གཞོན་པ་བློ་བཟང་བདེ་ཆེན་ལགས་ཀྱི་སྐུ་གསུང་ཐུགས་རྟེན་གྱི་མཎྜལ་འདེགས་འབུལ་ཞུས་བསྟུན་བཙུན་དགོན་གྱི་སློབ་དཔོན་དབུ་རྒྱན་སྒྲོལ་མ་ལགས་ཀྱིས་ཤུག་གསེབ་བཙུན་དགོན་གྱི་ལོ་རྒྱུས་དང་འབྲེལ་བའི་སློབ་གཉེར་བྱེད་ཕྱོགས་སྐོར་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བཙུན་མ་རྣམས་ལ་ཕྱག་ཁྱེར་བཀའ་དྲིན་སྩལ་ཏེ་བཙུན་མ་རྣམས་ནས་ཁས་ལེན་དམ་བཅའ་ཕུལ་མཚམས་བཙུན་མའི་ལས་འཆར་གྱི་འགན་འཛིན་རིན་ཆེན་མཁའ་འགྲོ་ལགས་ཀྱི་ཤུག་གསེབ་བཙུན་དགོན་གྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས།
ཆོས་རིགས་ལས་ཁུངས་ཀྱི་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་གསུང་བཤད་གནང། དེ་ནས་༸གོང་ས་མཆོག་གིས་དགོན་པའི་སྦྱིན་བདག་གཙོ་བོ་ Betsy Gordon ལགས་ཀྱི་གཙོས་དགོན་པ་བཞེངས་སྐྲུན་ལས་བྱེད་རྣམས་ལ་གསོལ་རས་དང་མཇལ་ཁ་སྩལ་གྲུབ་བསྟུན་ལམ་སྟོན་བཀའ་སློབ་སྩལ་དོན། བྱེས་ལ་ཤུག་གསེབ་བཙུན་དགོན་གསར་བཞེངས་གྲུབ་ནས་གཙོ་བོ་བསླབ་པ་སློབ་གཉེར་དང་། དེ་བཞིན་བཅོམ་ལྡན་འདས་ཉིད་ཀྱིས་ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོ་བྱེད་གསུངས་པ་ལྟར།
ཇི་ལྟར་ཐོས་པའི་དོན་དེ་དག་ལ་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་ལ་བརྩོན་མཁན་ཁྱེད་རང་ཚོ་མང་པོ་ཞིག་ཐོན་འདུག་པས། ཚང་མར་རྗེས་སུ་ཡི་རང་དང་འབྲེལ་བའི་སྒོ་ནས་ཐུགས་རྗེས་ཆེ་ཟེར་རྒྱུ་ཡིན། ལོ་ཡུན་དེའི་རིང་ལ་ཐུགས་འཁུར་བསྐྱེད་དེ་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། དེའི་ནང་ནས་མང་པོ་ཞིག་སྔ་ལམ་དུ་ཕྱིན་ཟིན་པ་ཡོད་ཀྱི་རེད། དེ་ཚོར་རྗེས་དྲན་བྱ་རྒྱུ་དང། ད་ལྟ་དཔེ་ཁྲིད་གནང་མཁན་དང་སློབ་གཉེར་རྒྱག་མཁན་ཚོ་རེད།
སངས་རྒྱས་ཀྱི་བསྟན་པ་ཉག་ཕྲ་བོའི་དུས་སྐབས་འདི་འདྲ་ཞིག་ལ་ཁྱེད་རང་ཚོས་བསྟན་པའི་ཞབས་འདེགས་སྒྲུབ་རྒྱུའི་འདུན་པ་ཆེ་ཆེར་སྐྱེད་དེ། ད་དུང་ཡིན་ནའང་ཧུར་ཐག་བྱེད་རོགས་ཞེས་ཟེར་རྒྱུ་ཡིན། དེ་རིང་འདིར་སྦྱིན་བདག་མང་པོ་ཞིག་ཡོད་པའི་ནང་ནས་གཙོ་བོ་ཨ་མ་ལགས་དེ་སྦྱིན་བདག་རྐང་བཞེས་ལྟ་བུ་གནང་གི་ཡོད་འདུག་པས་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། སྦྱིན་བདག་ཚོ་དང་རྟེན་དང་བརྟེན་པའི་ཆེད་དུ་ལས་ཀ་བྱེད་མཁན་ཚོ་ཡིན་ནའང་རེད། ཁྱེད་ཚོས་རྣམ་དཀར་གྱི་བྱ་བ་ཞིག་སྒྲུབ་ཡོད།
དེར་བརྟེན་དགེ་བ་ཞིག་སྒྲུབ་ཡོད་དུས་ཀུན་སློང་རྣམ་པར་དག་པའི་ཐོག་ནས་རང་གི་དགེ་བ་དེ་དག་སྤྱིར་བསྟན་པ་དང་ཡང་སྒོས་བསམ་པ་བཟང་པོ་ཞིག་བསྐྱེད་དེ་རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་བསྔོ་བ་དང་སྨོན་ལམ་བྱས་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། མཁས་མཆོག་དབྱིག་གཉེན་གྱིས། བསྟན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོག་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པ་བྱེད་པ་ཁོ་ན་ཡིན། ཞེས་གསུངས་པ་ལྟར། ལུང་རྟོག་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་རེད་མ་གཏོགས་ཐབས་གཞན་མེད། སྤྱིར་དེ་སྔའི་བོད་ནང་དུ་ཕྱོགས་གཅིག་ནས་དགོན་ཁག་ཚོར་ཆ་བཞག་ནའང་།
དགོན་པ་རིགས་གཅིག་གིས་ཆོ་ག་ཕྱག་ལེན་འདོན་རྒྱུ་མ་གཏོགས། སློབ་གཉེར་བརྒྱབ་རྒྱུར་དེ་ཙམ་གྱི་མིག་ལྟོས་མེད་པ་དེ་འདྲ་ཡོང་གི་ཡོད། རིགས་གཅིག་རིས་སུ་མ་ཕྱེ་པའི་ཆོས་སྒར་ཁག་གི་བཤད་གྲྭ་དང་སྒྲུབ་གྲྭའི་ཐོག་ནས། ལུང་རྟོག་གི་བསྟན་པ་ངོ་ཐོག་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་དེ་འདྲ་ཡོང་གི་ཡོད། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་པའི་སྐབས་སུ་དགོན་པ་རང་རང་གིས་དེ་སྔ་བོད་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་ལ་མ་ལྟོས་པར། ངོས་ཀྱིས་རྟག་པར་འདི་ཤོད་ཀྱི་ཡོད། ང་ཚོ་བོད་པ་ཙམ་མིན་པར་ཧི་མཱ་ལའི་རི་རྒྱུད་ཀྱི་མི་རིགས་ཡིན་ནའང་འདྲ། རྒྱ་མི་དང་ཉི་ཧོང་། ཀོ་རི་ཡ། ཝི་ཏི་ནམ་གྱི་ཆོས་གྲོགས་ཚོར་ཡིན་ནའང། ང་ཚོ་སངས་རྒྱས་པའི་ཆོས་པ་ཚོ་ད་ཆ་དུས་རབས་ ༢༡ པའིི་སངས་རྒྱས་པའི་ཆོས་པ་ཞིག་བྱེད་དགོས་ཞེས་ཤོད་ཀྱི་ཡོད། དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་འཛམ་གླིང་གི་གནས་ཚུལ་ཚང་མ་ཤེས་མཁན། དེའི་ཐོག་ལ་གོང་དུ་ཞུས་པ་ལྟར། སངས་རྒྱས་ཀྱི་བསྟན་པའི་གཞི་རྩའི་རྣམ་གཞག་གང་འདྲ་ཡིན་པ་རྣམས་ཤེས་པའི་ཐོག་ནས། སངས་རྒྱས་ཀྱི་ཆོས་ལུང་རྟོག་གི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་མཁན་ཞིག་བྱུང་ན། དུས་རབས་ ༢༡ པའི་སངས་རྒྱས་པའི་ཆོས་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ད་ཆ་རྒྱ་གར་དུ་བསླེབས་པའི་རྗེས་སུ་དེ་སྔ་བོད་དུ་དམིགས་བསལ་གྱིས་གཞུང་ཆེན་ལྟ་རྒྱུའི་སྲོལ་མེད་མཁན་ཚོས་ཀྱང་དཔེ་ཆ་ལྟ་དགོས་ཞེས་ངོས་ཀྱིས་འབོད་སྐུལ་བྱེད་བཞིན་ཡོད། ལྷག་པར་ལོ་བརྒྱ་ཕྲག་འགའ་ཤས་རིང་ལ་བོད་དུ་བཙུན་དགོན་མང་པོ་ཡོད་ནའང་གཞུང་ཆེན་སློབ་རྒྱུའི་སྲོལ་རྒྱ་ཆེན་པོ་མེད་པ་ལྟ་བུ་ཞིག་རེད། ཕྱོགས་གཅིག་ནས་ཕོ་མོ་འདྲ་མཉམ་རེད། ལྷག་པར་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་བརྒྱུད་ཀྱི་ནང་དུ་ཕལ་ཆེར་ཆོས་ལུགས་གཞན་དང་ཕྲན་བུ་མི་འདྲ་བ་ཞིག་གི་བསྟན་པ་འཛིན་མཁན་རབ་བྱུང་གི་སྡེ་དང་རབ་བྱུང་གི་སྡེའི་ནང་ནས་གཙོ་བོ་དེ་དགེ་སློང་གི་བསླབ་པ་ལྡན་མཁན་དེ་ཆགས་ཡོད། བཅོམ་ལྡན་འདས་ཀྱིས་དགེ་སློང་ཕ་དང་དགེ་སློང་མ་ཞེས་འདྲ་མཉམ་གསུངས་ཡོད། བོད་གངས་ཅན་གྱི་ལྗོངས་ལ་དེ་སྔ་དགེ་སློང་མའི་སྡོམ་རྒྱུན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ཆོ་ག་དང་མཐུན་པ་ཞིག་ཕལ་ཆེར་མ་བྱུང་ཡིན་པ་རེད། འཁོར་རྣམ་བཞི་ཚང་བའི་གནས་དེ་ཡུལ་དབུས་སུ་རྩིས་ཀྱི་ཡོད་སྟབས། དགེ་སློང་མ་མེད་དུས་འཁོར་རྣམ་བཞིའི་གཙོ་བོ་གཅིག་མ་ཚང་བ་རེད། ང་ཚོ་འཁོར་རྣམ་བཞི་འདུས་པའི་ཡུལ་དབུས་སུ་བསྒྱུར་བ་ཞིག་བྱེད་པ་ལ་དགེ་སློང་མ་དགོས་ཀྱི་ཡོད། དེར་བརྟེན་དགེ་སློང་མ་སྒྲུབ་དགོས་ཀྱི་འདུག་ཅེས་ནས་ཉམས་ཞིབ་མང་པོ་ཞིག་བྱས་པ་རེད། དགེ་སློང་མ་སྒྲུབ་པར་༸རྒྱལ་དབང་རིན་པོ་ཆེའི་མཚན་བེད་སྤྱོད་བྱས་ཏེ་ཐག་གཅོད་བྱེད་ཐབས་མེད། དགེ་སློང་གི་སྡོམ་པ་ངོས་ཀྱིས་འབོགས་ཀྱི་ཡོད་ཀྱང་འདུལ་བ་འགྲོ་སྟངས་སྤྱི་དང་མཐུན་པ་བྱས་ཏེ་ལས་སློབ་དང་གསང་སྟོན་སློབ་དཔོན་བྱས་ནས་འགྲོ་རྒྱུ་རེད་མ་གཏོགས་མི་གཅིག་གིས་བྱེད་ཐུབ་ཐབས་མེད། འདུལ་བའི་ལས་བརྒྱ་རྩ་དེ་དག་དགེ་འདུན་པའི་ཐོག་ནས་གནང་རྒྱུ་མ་གཏོགས། དགེ་སློང་ཡིན་ཞེས་དབང་ཆ་མི་གཅིག་ལག་ཏུ་བཟུང་ནས་ཐག་གཅོད་རྒྱུ་མེད། དེར་བརྟེན་འདུལ་བའི་འགྲོ་སྟངས་དགེ་འདུན་བཞི་དང་ལྔ་ཚང་བའི་ཐོག་ནས་ཐབས་ཤེས་བྱ་རྒྱུ་མ་གཏོགས་མི་གཅིག་གིས་ཐག་གཅོད་བྱེད་རྒྱུ་ལུགས་སྲོལ་རྩ་བ་ནས་མེད། དེར་བརྟེན་དགེ་སློང་མའི་སྡོམ་རྒྱུན་དགོས་ཀྱི་ཡོད་ཀྱང་ངོས་ཀྱིས་ཐག་གཅོད་བྱེད་ཐབས་མེད། འདུལ་བ་འཛིན་པ་ཚོ་གོ་བསྡུར་བྱས་ཏེ་འདུལ་བའི་གཞུང་དང་མཐུན་པ་བྱེད་དགོས་པ་ཞིག་ཡིན། དབང་དང་བྱིན་རླབས་དེ་དག་དག་སྣང་ཐོག་ནས་ཡོང་ཐུབ་པ་དེ་འདྲ་ཡོང་གི་ཡོད། འདུལ་བའི་ལག་ལེན་དེ་དག་སྣང་ཐོག་ནས་ཡོང་ཐབས་མེད་པ་ཞིག་ཡིན། འདུལ་བའི་གཞུང་གཞིར་བཟུང་ནས་འགྲོ་རྒྱུ་རེད། དེར་བརྟེན་དེའི་ཐོག་ལ་བར་སྐབས་ང་ཚོ་གོ་བསྡུར་མང་པོ་བྱུང་ཡོད་ཀྱང་ད་ལྟ་ཐག་གཅོད་གཙང་མ་དང་གསལ་པོ་ཞིག་ཆགས་མེད། གནས་བརྟན་སྡེ་པའི་གྲུབ་མཐའ་ཁག་འདུལ་བའི་ཉམས་ལེན་ཡག་པོ་ཡོད། དེ་ཚོར་ཡང་གོ་བསྡུར་བྱེད་དགོས། འདི་ལོ་དགུན་ཁ་ཝ་ར་ཎ་སིར་འདུལ་བ་འཛིན་པའི་ཆོས་ཚོགས་ཚོགས་ཀྱི་ཡོད། ཤི་རི་ལངྐ་དང་ཐེ་ཝན་ནས་འདུལ་བ་འཛིན་མཁན་ཚོ་ཕེབས་ཀྱི་ཡོད། ཕལ་ཆེར་བྷར་མ་དེ་འདྲ་ནས་ཕེབས་ཀྱི་མེད་དམ། དེའི་སྐབས་སྐད་ཆ་ཡོང་མདོག་ཁ་པོ་རེད། དེ་གནས་ཚུལ་ཁག་ཁག་ཡིན། ད་ལྟ་ཐག་བཅད་ནས་ལག་ལེན་སྐྱེལ་ཐུབ་རྒྱུ་དེ་ག་རེ་བརྗོད་ན། སློབ་གཉེར་བྱས་ཏེ་དགེ་བཤེས་མ་ཐོན་རྒྱུ་དེ་རེད། བཙུན་མའི་ནང་ནས་དགེ་བཤེས་མ་ཐོན་པ་བཟོ་རྒྱུ་དེ་ང་ཚོས་ཐག་བཅད་ཐུབ་པ་ཞིག་ཡིན། དེར་བརྟེན་ང་ཚོ་རྒྱ་གར་དུ་བསླེབས་ནས་བཙུན་མའི་དགོན་ཁག་དེ་དག་ཀྱང་སློབ་གཉེར་རྒྱག་དགོས་ཀྱི་འདུག་ཅེས་འབོད་སྐུལ་བྱས་ཏེ། སློབ་གཉེར་རྒྱག་སའི་ཁོར་ཡུག་གསར་དུ་བསྐྲུན་ཏེ་གོང་དུ་ལས་བསྡོམས་ནང་གསུངས་པ་ལྟར་རེད། གང་ལྟར་བཙུན་དགོན་མང་པོ་ཞིག་གིས་གཞུང་ཆེན་སློབ་གཉེར་བྱེད་ཀྱི་ཡོད། ཤུག་གསེབ་དགོན་པ་འདི་ཡང་དེའི་གྲས་གཅིག་ཡིན། གོང་དུ་བརྗོད་པ་ལྟར་གཞུང་དེ་དག་བསྟན་པའི་ཞབས་འདེགས་སྒྲུབ་སྟངས་ངོ་མ་དེ་ཡིན། གཙུག་ལག་ཁང་གཞེང་རྒྱུ་དེ་སློབ་གཉེར་རྒྱག་མཁན་དེ་དག་གི་སྡོད་ས་ཡིན་པ་མ་གཏོགས་དགོན་པ་ཡོད་པ་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་སྐད་ཆ་མིན། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ནང་ལ་མཛུབ་མོ་འཛུགས་རྒྱུ་རེད་མ་གཏོགས་ཕྱི་ལ་མཛུབ་མོ་འཛུགས་རྒྱུའི་སྐད་ཆ་མིན། ནང་ལ་མཛུབ་མོ་འཛུགས་རྒྱུ་དེ་ཡང་ཀླད་པའི་ཆ་ནས་ལུང་གི་ཡོན་ཏན་དང་བསམ་བློའི་ཐོག་ནས་སྒྲུབ་པ་ཉམས་ལེན་བྱས་ཏེ། ལུང་རྟོགས་ཀྱི་ཡོན་ཏན་ཐོག་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་སྒྲུབ་དགོས་པ་ཞིག་ཡིན། དེར་བརྟེན་ཁྱེད་རང་ཚོའི་བྱས་རྗེས་དངོས་གནས་མིག་མཐོང་ལག་ཟིན་གྱི་འབྲས་བུ་ཐོན་འདུག་པས་ཧ་ཅང་ཡག་པོ་རེད། ད་དུང་ཡང་ཤུགས་སྣོན་རྒྱག་དགོས། ང་རང་ཚོའི་ལུས་ལ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཀྱི་བཅངས་ཕྱིན་ཆད་ལ་དེ་དང་མཐུན་པའི་སོ་སོའི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་དེ་དག་ཀྱང་དང་བ་འདྲེན་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན། ལུས་ལ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས་ནས་སྤྱོད་ལམ་དེ་ཐ་མལ་པ་ལྟ་བུར་ལུས་ན། བསྟན་པའི་ཞབས་འདེགས་སུ་མ་ཕྱིན་པར་ཞབས་འདྲེན་ལ་འགྲོ་གི་ཡོད། མཁས་མཆོག་དབྱིག་གཉེན་གྱིས་གསུངས་པ་ལྟར། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དབང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །ངན་རྟོག་རྣམས་ཀྱིས་བསྟན་པ་འདི་དཀྲུགས་སོ། དེའི་རྗེས་ལ། དེ་ལྟར་ཐུབ་པ་དག་གིས་བསྟན་པ་ནི། །ལྐོག་མ་སྲོག་ཕྱིན་སྒྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་བདག་གི་བག་ཡོད་བགྱིས། ཞེས་གསུངས་ཡོད། དེར་བརྟེན་མཁས་མཆོག་དབྱིག་གཉེན་གྱི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་ཉམས་རྒྱུའི་རྐྱེན་དེ་འདྲ་གཟིགས་ཏེ་ཐུགས་ཀྱིས་མ་བཟོད་པའི་ཐོག་ནས་ཚིགས་བཅད་ཤོ་ལོ་ཀ་གསུམ་ཡོད་གསུངས་ཡོད། དེ་ལྟར་ཐུབ་པ་དག་གིས་བསྟན་པ་ནི། །ལྐོག་མ་སྲོག་ཕྱིན་སྒྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་པ་འདོད་པ་བདག་གི་བག་ཡོད་བགྱིས། ཞེས་གསུངས་པར་ལྟར། ང་རང་ཚོ་སངས་རྒྱས་དང་ཆོས། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་བརྗོད་མཁན་དེ་དག་ཐར་པ་འདོད་པའི་མི་ཆགས་ཡོད། གང་ལ༌ཞེ་ན། ཆོས་དཀོན་མཆོག་ལ་སྐྱབས་སུ་འགྲོ་གི་ཡོད། ཆོས་དཀོན་མཆོག་གཙོ་བོ་ཐར་པ་ཆགས་ཡོད། དེར་བརྟེན་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་ཞིག་ཡིན་ན། ཐར་པ་འདོད་མཁན་ཞིག་ཆགས་ཡོད། ཐར་པ་འདོད་མཁན་དེས་བག་ཡོད་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་འདུག དེ་བཞིན་མི་སྐྱ་ཡིན་ཡང་དེ་དེ་བཞིན་བྱས་ཏེ་སངས་རྒྱས་ཀྱི་ཆོས་ཁས་ལེན་མི་ལེན་དེ་སོ་སོའི་འདོད་པ་དང་རང་དབང་རེད། ཆོས་ཁས་བླང་ན་ཆོས་དང་མཐུན་པའི་མི་ཚེ་སྐྱེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཁ་བདེ་པོ་བྱས་ཏེ་བརྗོད་པ་མིན། ངོས་སྒེར་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་ཧུར་ཐག་འབད་ཐག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད། དེ་རྗེས་བཙུན་མའི་ལས་འཆར་གྱི་འགན་འཛིན་ཕྱག་རོགས་བློ་བཟང་བདེ་ཆེན་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས།
དེ་ཡང་རྒྱ་གར་མངའ་སྡེའི་གཞུང་ནས་ཁྲིམས་མཐུན་གྱི་ས་ཆ་ཨེ་ཀར་ ༣༣ དང་མལ་ལེ་ ༡༣ ཐོག་ལོ་ལྔའི་ཨར་ལས་བཞེངས་སྐྲུན་གྱི་ད་ལྟའི་ཆར་དབུས་སུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པའི་ཐོག་བཙུན་མ་བརྒྱ་དང་བརྒྱད་ཙམ་གྱི་སྡོད་ཤག་དང་། འཛིན་ཁང་། དཔེ་མཛོད། གསོལ་ཐབ་ཁང་། ཡིག་ཚང་། སྨན་ཁང་། ཚོང་ཁང་། འཚེམ་ཁང་། མགྲོན་ཁང་བཅས་ཡོངས་སུ་ལེགས་གྲུབ་ཟིན་ཏེ་འགྲོ་སོང་ཧིན་སྒོར་ས་ཡ་ ༧༢ ཕྱིན་ཡོད་འདུག