༢༠༡༠ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༡ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་བོད་ཤེས་རིག་ཉམས་ཞིབ་ཁང་གི་དཔེ་མཛོད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་གཟིགས་སྐོར་མཛད། དེ་རྗེས་ཉམས་ཞིབ་ཁང་དེའི་ཚོགས་ཁང་དུ་འབྲས་ལྗོངས་མི་རིགས་སྣ་ཚོགས་ཀྱི་གཞོན་སྐྱེས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བ་རྣམས་དང་ཆོས་དང་ཤེས་ཡོན་སོགས་ཀྱི་ཐོག་བཀའ་སློབ་དང་ཕན་ཚུན་བགྲོ་གླེང་། དྲི་བ་དྲིས་ལན་བཅས་ཀྱི་ཚོགས་མགོན་དུ་༸ཞབས་སོར་འཁོད་བསྟུན། དེར་འདུས་གཞོན་སྐྱེས་རྣམས་ལ་ཐོག་མར་བཀའ་སློབ་སྩལ་དོན། ཆོས་གྲོགས་གཞོན་སྐྱེས་ཕོ་མོ་ཚོ། ངོས་རང་འདིར་ཁྱེད་ཚོ་ཐུག་པར་ཧ་ཅང་དགའ་པོ་བྱུང། ངོས་རང་གཞོན་སྐྱེས་གང་དུ་ཐུག་ཀྱང་རྟག་པར་འདི་འདྲ་བརྗོད་ཀྱི་ཡོད། ད་ཆ་ང་ཚོ་དུས་རབས་ ༢༡ ནང་བསླེབས་ཡོད། དུས་རབས་ ༢༠ ཕྱིན་ཚར་བ་རེད། ངོས་རང་དུས་རབས་ ༢༠ མི་རབས་ཤིག་ཆགས་ཡོད། དུས་རབས་ ༢༡ ནས་ད་ལྟ་ལོ་བཅུ་ཙམ་ཕྱིན་ཡོད་ཀྱང་ད་དུང་ལོ་ ༩༠ ལྷག་ཡོད།
དུས་རབས་ ༢༠ པ་དེ་སྤྱིར་འདས་པའི་དུས་རབས་དང་བསྡུར་བ་ཡིན་ན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་དུས་རབས་ ༢༠ ནང་ལོ་རྒྱུས་སྨྲ་བ་འགའ་རས་བརྗོད་པར་གཞིགས་ན་མི་གྲངས་ས་ཡ་ ༢༠༠ ཙམ་དམག་འཁྲུག་སོགས་ཀྱི་ནང་དམར་གསོད་བཏང་ཡོད། དམག་འཁྲུག་དེ་དག་གིས་གལ་ཏེ་དཀའ་ངལ་སེལ་ཐུབ་ཡོད་ན་འགྲིག་པ་ཞིག་ལ་ངོས་འཛིན་བྱེད་ཆོག་ཀྱང་དེ་ལྟར་བྱུང་མེད། དུས་རབས་ ༢༡ འགོ་སྟོད་ཙམ་གྱི་དཀའ་ངལ་འགའ་ཤས་འདས་པའི་དུས་རབས་ ༢༠ རྐྱེན་བྱས་པ་ཞིག་ཡིན། དཔེར་ན། ཨི་རཱག་དང་ཨ་ཕི་གྷ་ནི་སི་ཐན་སོགས་ཀྱི་རྙོག་ཁྲ་དང་། གཞན་ཡང་འཇིགས་སྐུལ་རིང་ལུགས་པའི་རྙོག་ཁྲ་སོགས་བྱུང་བཞིན་ཡོད། རྙོག་ཁྲ་དེ་དག་འདས་པའི་དུས་རབས་སུ་སྲིད་བྱུས་ནོར་འཁྲུལ་འཛིན་པའི་མངོན་རྟགས་རེད། ད་ཆ་ང་ཚོས་ཐབས་ལམ་དང་འཆར་སྣང། རྣམ་དཔྱོད་གསར་པ་ཞིག་ལག་བསྟར་བྱ་རྒྱུའི་བསམ་བློ་གཏོང་དགོས། མ་འོངས་པའི་འཛམ་གླིང་ཇི་འདྲ་ཞིག་ཡོང་མིན་གཞོན་སྐྱེས་ཚོའི་ལག་ཏུ་ཡོད། སྤྱིར་འབྲས་ལྗོངས་ལྟ་བུར་མཚོན་ན་མངའ་སྡེ་ཆུང་ཆུང་ཞིག་རེད། འོན་ཀྱང་ང་ཚོ་ཚང་མ་འཛམ་གླིང་མི་འབོར་འཐེར་འབུམ་བདུན་ཡོད་པའི་ཆ་ཤས་ཤིག་ཡིན། ང་ཚོས་སྤྱི་ཚོགས་དང་འགྲོ་བ་མི་རིགས་སྐོར་སྐད་ཆ་ཤོད་སྐབས་གནས་ཚུལ་དེ་དག་གང་ཟག་བྱེ་བྲག་པ་རེ་རེ་ཚོགས་པ་ལས་སྤྱི་ཚོགས་གྲུབ་པར་བརྟེན། ང་ཚོ་མི་རེ་ངོ་རེར་སྤྱི་ཚོགས་བཟང་དུ་གཏོང་རྒྱུའི་ནུས་པ་ཡོད། དེ་འདྲ་ཞིག་ཡོང་བར་ཐོག་མར་ང་ཚོས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ལྟ་ཐུབ་དགོས། དཔེན་ན་རྒྱ་གར་གྱི་ས་ཁུལ་གཞན་ནང་ཞི་བདེ་ལྷིང་འཇག་མེད་པ་ཡིན་ན་འབྲས་ལྗོངས་ལའང་དཀའ་ངལ་འཕྲད་ངེས་ཤིག་ཡིན། དེ་མཚུངས་འཛམ་གླིང་ས་ཕྱོགས་གཞན་ཚང་མ་དཀའ་ངལ་འོག་གནས་ཏེ་རྒྱ་གར་ཞི་བདེ་ལྷིང་འཇག་ངང་གནས་ཐུབ་པ་ཞིག་ཡོང་མི་སྲིད། གདོད་མའི་དུས་སྐབས་བོད་དང་འབྲས་ལྗོངས་ལུང་པ་ལྟ་བུར་མཚོན་ན་སོ་སོའི་ལུང་པའི་ནང་འཚོ་བ་བསྐྱལ་ནས་བསྡད་པ་མ་གཏོགས་འཛམ་གླིང་གཞན་དང་དེ་ཙམ་གྱི་འབྲེལ་བ་བྱེད་དགོས་མེད། གནས་སྟངས་དེ་ད་ཆ་འདས་ཟིན་པ་ཞིག་རེད། ད་འྟའི་དངོས་ཡོད་གནས་སྟངས་དེ་མི་སྒེར་རེ་རེའི་བདེ་སྡུག་དེ་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བ་ཆགས་ཡོད། དེར་བརྟེན་ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས། ངོས་ཀྱི་རྒྱུན་དུ་དུས་རབས་ ༢༠ པ་དེ་དམག་འཁྲུག་གི་དུས་རབས་ཤིག་ཡིན་པ་བརྗོད་ཀྱི་ཡོད། དུས་རབས་ ༢༡ པ་འདི་ཞི་བདེའི་དུས་རབས་ཤིག་ཡོང་བར་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་དེ་ང་ཚོའི་མི་ཚེའི་ཆ་ཤས་ཤིག་བཟོ་ཐུབ་པ་དགོས། འཛམ་གླིང་ཞི་བདེ་ཟེར་བ་དེ་རྙོག་ཁྲ་མེད་པའི་དོན་མིན། རྙོག་ཁྲ་ཡོད། འདས་པའི་དུས་རབས་སུ་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་མཚམས་ཕྱེ་ཏེ་ལྟ་ཚུལ་དེ་འདས་པ་རེད། ད་ཆ་ང་ཚོ་ཞེས་འཛམ་གླིང་གི་མི་ཚང་མ་གཅིག་འགྱུར་ཡིན་བསམ་པའི་འདུ་ཤེས་འཛིན་ཐུབ་པ་དགོས། དེ་འདྲ་ཞིག་ཡོང་བར་ཐོག་མར་ཤེས་ཡོན་དགོས། ཤེས་ཡོན་དེའི་ཐོག་བྱམས་བརྩེའི་བསམ་པ་དགོས།ཤེས་ཡོན་དེ་མཐུན་ཕྱོགས་སུ་བདེ་སྤྱོད་བཏང་ཐུབ་མིན་དེ་བྱམས་བརྩེའི་བསམ་པ་ཡོད་མེད་ལ་རག་ལུས། དེ་འདྲ་མིན་པར་འཇིགས་སྣང་དང་ཡིད་ཆེད་མེད་པ། ཁོང་ཁྲོ་བཅས་ཀྱི་བསམ་བློ་ཟིན་པ་ཞིག་ཡིན་ན་ཤེས་ཡོན་དེ་དག་མི་མཐུན་ཕྱོགས་སུ་བདེ་སྤྱོད་བྱེད་ངེས་ཡིན། བྱམས་པ་དང་བརྩེ་བ་དེ་དག་ཆོས་ཀྱི་སྐད་ཆ་ཞིག་རེད་བསམ་དྲན་རྒྱུ་མེད། དེ་དག་འགྲོ་བ་མིའི་རིན་ཐང་ཡིན། ཇི་སྲིད་འགྲོ་བ་མི་རྣམས་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན་ཕྱིན་ཡིད་ཆེད་དང་མཐུན་ལམ་དང་ཆིག་སྒྲིལ། ཡིད་ཆེས། འཆམ་མཐུན་དེ་དག་གཙོ་བོ་ཆགས་ཡོད། དེ་ནས་འཆར་སྣང་དགོས། སོ་སོའི་ཁྱིམ་ཚང་གི་བདེ་དོན་ཁོ་ནར་བསམ་བློ་མ་བཏང་བར་གོང་དུ་བརྗོད་པ་བཞིན་ཁྱོན་ཡོངས་ཀྱི་གནས་སྟངས་ལྟ་ཐུབ་པ་དགོས། ངོས་ཀྱི་གྲོགས་པོ་ཇར་མན་གཙུག་ལག་སློབ་དཔོན་ཀོན་ཊམ་དངོས་ཁམས་ཆན་རིག་པ་ཞིག་ཡོད། ཁོང་གྱིས་ད་ལྟའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ན་ཕྱི་སྲིད་དང་བདེ་སྲུང་ལས་ཁུངས་ཟེར་བ་མི་དགོས་པ་བརྗོད་ཀྱི་ཡོད། དེ་བཞིན་ཁོ་སོ་ཊ་རི་ཀའི་ (Costa Rica) རྒྱལ་ཁབ་ལྟ་བུར་ཚོན་ན་དམག་མི་མེད་པ་བཟོས་ཡོད། ལོ་ཤས་གོང་ངོས་རང་དེར་བསྐྱོད་སྐབས་ཉེན་རྟོག་མི་སྣ་འགའ་ཤས་དང་ཐད་འཕུར་གནམ་གྲུ་རེ་གཉིས་ལས་དམག་གི་སྒྲོག་འཛུགས་གང་ཡང་མེད། དེར་བརྟེན་ལུང་པ་ཆུང་ཆུང་དེ་དང་ཁྱིམ་མཚེས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་གཞན་དང་བསྡུར་སྐབས་དཔལ་འབྱོར་དང་ཤེས་ཡོན་གང་གི་ཆ་ནས་རྒྱལ་ཁབ་དེ་དག་ལས་ཧ་ཅང་ཡར་རྒྱས་ཆེ་བ་ཕྱིན་ཡོད། གང་ཡིན་བརྗོད་ན་ཁོང་ཚོས་རྒྱལ་ཁབ་ཀྱི་འཐོན་སྐྱེས་དེ་དག་རྒྱལ་ཁབ་གཞན་ཚོས་དམག་དོན་བགྲོ་སོང་བཏང་བ་ལྟར་མིན་པར་ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་ཆེད་བདེ་སྤྱོད་བཏང་ཡོད་ཅེས་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་གྲུབ་རྗེས་གཞོན་སྐྱེས་རྣམས་ལ་དྲི་བ་འབུལ་རྒྱུའི་གོ་སྐབས་སྩལ་བ་བཞིན་གཞོན་སྐྱེས་མང་པོ་ཞིག་གིས་དྲི་བ་ཕུལ་བར་བཀའ་ལན་ཟབ་རྒྱས་སྩལ་ཏེ་བཞུགས་གནས་མགྲོན་ཁང་ལ་ཆིབས་ཞལ་བསྒྱུར་ཏེ་ཉིན་འདིའི་མཛད་འཆར་ཁག་ལེགས་པར་གྲུབ་པ་བཅས།།