༢༠༡༠ ཟླ་ ༡༢ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༡༢ ཉིན་ཐོག་མར་ཀ་སྦུག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་དགའ་ལྡན་ཐར་པ་ཆོས་གླིང་གིས་གསར་དུ་བཞེངས་པའི་གཙུག་ལག་ཁང་དབུ་འབྱེད་རབ་གནས་མཛད་དེ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་བཀའ་སློབ་ཟབ་རྒྱས་སྩལ། ཕྱི་ཚེས་ ༡༣ ཉིན་དགའ་ལྡན་ཐར་པ་ཆོས་གླིང་དང་ཀ་སྦུག་ས་གནས་བདེ་དོན་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་ཆེད་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་ཉིན་དེར་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བཀའ་དྲིན་སྩལ། ཕྱི་ཚེས་ ༡༤ ཉིན་མགོན་པོ་གང་ཉིད་མཆོག་གིས་ཀ་སྦུག་དགའ་ལྡན་ཐར་པ་ཆོས་གླིང་ནས་ཀ་སྦུག་བོད་གཞུང་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་དད་ལྡན་སེར་སྐྱ་མང་ཚོགས་དང་དགེ་ལས་སློབ་ཕྲུག་ཡོངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་དང་ནང་ཆོས་ངོ་སྤྲོད། དེ་བཞིན་མི་མང་ལ་བཀའ་སློབ་སྩལ་བ་མ་ཟད། དེ་རྗེས་ཕྱི་ནང་གི་གསར་འགོད་པ་ ༣༠ ཙམ་ལ་བཀའ་སློབ་དང་ཁོང་ཚོའི་དྲི་བར་བཀའ་ལན་མཛད་ཡོད། ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་ཀ་སྦུག་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་འབྲས་ལྗོངས་སུ་ཆིབས་སྒྱུར་བསྐྱངས་ཏེ་གནས་ཆེན་པདྨ་ཡང་རྩེ་དང་བྲག་དཀར་བཀྲ་ཤིས་སྡིངས་སུ་གནས་གཟིགས་དང་བྲག་དཀར་བཀྲ་ཤིས་སྡིངས་སུ་ཉིན་གཉིས་རིང་སྐུ་མཚམས་ལྗགས་ཐུན་མཛད།
ཕྱི་ཚེས་ ༡༨ ཉིན་མགོན་པོ་གང་ཉིད་མཆོག་གིས་ར་བང་ལ་ཀུན་ཕན་གླིང་གཞིས་ཆགས་སུ་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༡༩ ཉིན་མགོན་པོ་གང་ཉིད་མཆོག་མ་ཎི་ཆོས་འཁོར་གླིང་དགོན་པ་ཡོད་སར་འབྲས་ལྗོངས་གཞུང་ཕྱོགས་ནས་འགྲོ་སོང་བཏང་སྟེ་གསར་དུ་བཞེངས་པའི་བཀའ་བརྒྱུད་དགོན་ཀརྨ་ཐེག་ཆེན་གླིང་ལ་གནས་གཟིགས་དང་དེ་རྗེས་སྟོན་པའི་སྐྱེད་ཚལ་ཡོད་སར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ ༣༠༠༠ ཙམ་ལ་བཀའ་སློབ་སྩལ། ཕྱི་ཚེས་ ༢༠ ཉིན་༸གོང་ས་མཆོག་གིས་སྒང་ཏོག་ཏུ་སེམས་དང་སྲོག་གི་ཚན་རིག་དང་ནང་ཆོས་བགྲོ་གླེང་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་བ་མ་ཟད། གཙུག་ལག་ཁང་དགོན་དང་ཅན་ཌི་མ་རིར་རྟེན་གཞི་བྱས་པའི་སེར་བྱེས་འགྲོ་ཕན་གླིང་། དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་དགོན་བཅས་ལ་ཆིབས་སྒྱུར་བསྐྱངས་ཏེ་གནས་གཟིགས་མཛད།
ཕྱི་ཚེས་ ༢༡ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒང་ཏོག་དཔལ་འབྱོར་རྣམ་རྒྱལ་རྩེད་ཐང་དུ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཌར་པ་ཝང་ཀུ་མར་ཅམ་གླིང་མཆོག་དང་སྤྱི་ཁྱབ་དྲུང་ཆེ་ཆེན་མོས་གཙོས་གནད་ཡོད་ལས་བྱེད་ཁག་དང་དེ་བཞིན་ས་གནས་ཡུལ་མི་དང་བོད་མི་བཅས་ཁྱོན་མི་གྲངས་ ༢༠༠༠༠ བརྒལ་བར་དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་ཆོས་འབྲེལ་བཀའ་དྲིན་སྩལ། དེ་རྗེས་རྒྱ་བོད་ཤེས་རིག་ཉམས་ཞིབ་ཁང་གི་དཔེ་མཛོད་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་འབྲས་ལྗོངས་མི་རིགས་སྣ་ཚོགས་ཀྱི་གཞོན་སྐྱེས་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བར་བཀའ་སློབ་སྩལ། ཕྱི་ཚེས་ ༢༢ ཉིན་འབྲས་ལྗོངས་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་མ་ཟད། ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་མགོན་པོ་གང་ཉིད་མཆོག་གིས་འབྲས་ལྗོངས་ནང་སྲིད་ལས་ཁུངས་ཀྱི་ཅིན་ཏན་ཚོགས་ཁང་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཌོག་ཊར་པ་ཝང་ཀུ་མར་ཅམ་གླིང་མཆོག་གི་ལྷན་ཉིན་གསུམ་རིང་གི་སེམས་དང་སྲོག་སྐོར་གྱི་ཚན་རིག་དང་ནང་ཆོས་ལྷན་ཚོགས་ཀྱི་ཉིན་མཐའ་མའི་བགྲོ་གླེངགི་ཚོགས་མགོན་དུ་༸ཞབས་སོར་འཁོད་དེ་བཀའ་སློབ་སྩལ། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་འབྲས་ལྗོངས་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ས་ལུ་སྒར་སྲད་རྒྱུད་དགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་སྩལ་བ་མ་ཟད། ཕྱི་ཚེས་ ༢༤ ཉིན་མགོན་པོ་གང་ཉིད་མཆོག་གིས་དགོན་དེར་དད་ལྡན་མང་ཚོགས་སྟོང་ཕྲག་གསུམ་བརྒལ་བར་འཕགས་པ་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་ཆེ་བ་སྩལ་བ་སོགས་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་པར་གྲུབ་སྟེ་ཉིན་རྒྱབ་མཁའ་ལམ་བརྒྱུདརྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས།
ཕྱི་ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་ལྡི་ལིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་བསྐྱོད་བཞིན་པའི་བོད་རིགས་སློབ་ཕྲུག་ ༦༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ།
ཕྱི་ཚེས་ ༢༩ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༠།༤༥ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་མཚམས་བཙན་བྱོལ་བོད་གཞུང་གི་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཕེབས་བསུར་བཅར་ཏེ་ཕེབས་བསུ་གཟབ་རྒྱས་ཞུས། ག་གྷལ་ནས་ཕེབས་འགྲོའི་ཐོག་བཞུགས་སྒར་དུ་ཆུ་ཚོད་ ༡༡།༣༠ ཙམ་ལ་༸ཞབས་སོར་འཁོད་སྐབས་བཙན་བྱོལ་བོད་གཞུང་གི་ཁྲིམས་ཞིབ་པ་རྣམ་པ་དང་ཆོས་རིག དཔལ་འབྱོར། ཤེས་རིག བདེ་སྲུང། ཕྱི་དྲིལ། འཕྲོད་བསྟེན་བཅས་བཙན་བྱོལ་བོད་གཞུང་འཛིན་སྐྱོང་ལྷན་ཁང་སོ་སོའི་བཀའ་བློན་རྣམ་པ་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་བཞུགས་སྒར་ཕོ་བྲང་དུ་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ལེགས་པར་གྲུབ་སྟེ་ཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།
གསར་གནས།
འབྲེལ་གནས།