༢༠༡༠ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༧ ཉིན་ཨེ་ཤི་ཡ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་(ANI) གནས་ཚུལ་ཐོན་གསལ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ས་ཁུལ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཏུ་ཆིབས་སྒྱུར་སྐྱོང་སྐབས་སྒང་ཏོག་ས་གནས་ཚོང་པར་ཚོང་གི་ཁེ་སྤོགས་ཧ་ཅང་ཡག་པོ་བྱུང་ཡོད། དེ་ཡང་འབྲས་ལྗོངས་འགྲིམ་འགྲུལ་ལྷན་ཚོགས་ཀྱི་(Travel Agent Association of Sikkim) ཚོགས་གཙོ་སྐུ་ཞབས་ལུ་ཀེན་ཌ་ར་ལགས་ཀྱིས་བརྗོད་དོན་ལྟར་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ས་གནས་འདིར་ཆིབས་སྒྱུར་བསྐྱངས་པ་དེས་སྒང་ཏོག་ཡུལ་འཁོར་སྤྲོ་འཆམ་གྱི་ཚོང་དོན་ལ་ཁེ་ཕན་ཞེ་དྲག་བྱུང་ཡོད། གང་ཡིན་བརྗོད་ན་ཕྱི་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་འབྲངས་པ་དང་ཁོང་ལ་དད་གུས་ཞུ་མཁན། དེ་བཞིན་ཁོང་གི་བཀའ་སློབ་ཉན་མཁན་སོགས་མི་ཧ་ཅང་མང་པོ་ཞིག་སྒང་ཏོག་ཏུ་འབྱོར་ཡོད། དད་ལྡན་མི་མང་ཚོས་ནང་པའི་ཆོ་ག་ཕྱག་ལེན་སྐབས་བེད་སྤྱོད་བྱ་རྒྱུའི་ཆོས་རྫས་འདྲ་མིན་མང་པོ་ཉོས་ཡོད་པ་མ་ཟད། མི་མང་དེ་དག་རྣམས་བཀྲ་ཤིས་སྡིངས་དང་པད་གླིང་བཅས་གནས་ཆེན་ཁག་གི་ས་ཁུལ་དུ་གནས་སྐོར་དུ་བསྐྱོད་ཡོད་ཅེས་གསུངས། དེ་ཡང་བརྒྱུད་ལམ་དེའི་ནང་འཁོད་དོན་ལྟར་ན་ཐེངས་འདིར་༸གོང་ས་མཆོག་གི་བཀའ་སློབ་ཉན་ཆེད་སྒང་ཏོག་ཏུ་འཛམ་གླིང་ཡུལ་གྲུ་གང་ས་ནས་མི་མང་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་བཀའ་ཆོས་ཉན་ཆེད་ཕྱི་ནང་མི་གྲངས་ ༣༠༠༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་སྐྱོང་སྐབས་སྒང་ཏོག་ཚོང་པར་ཚོང་ཁེ་ཡག་པོ་བྱུང་བ།
གསར་གནས།
འབྲེལ་གནས།