༢༠༡༠ ཟླ་ ༡༢ ཚེས་ ༢༧ རེས་གཟའ་ཟླ་བ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཁྱིམ་གྱི་ཚོགས་ཁང་དུ་ལྡི་ལིའི་གཙུག་ལག་སློབ་གྲྭ་ཁག་གི་ནང་བསྐྱོད་བཞིན་པའི་བོད་རིགས་དགེ་སློབ་ ༦༠༠ བརྒལ་བར་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཆེད་བོད་ཀྱི་སྐད་ཡིག་སློབ་གཉེར་ཡག་པོ་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་དོན། བོད་ནང་རྒྱ་ནག་གིས་དབང་སྒྱུར་བྱས་ཏེ་འདས་པའི་ལོ་ངོ་ ༦༠ ལྷག་ཙམ་གྱི་འགྱུར་ལྡོག་ཆེན་མོ་དེས་ང་ཚོ་བོད་མི་རིགས་དང། བོད་ཀྱི་རིག་གཞུང་བཅས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད་པས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་བོད་ནང་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་ཀྱི་བསྟན་པར་བོད་ཀྱི་མཁས་པ་རིམ་བྱུང་གིས་སློབ་གཉེར་ཐར་ཕྱིན་པ་མཛད་དེ་གཞུང་ཆེན་མོ་རྣམས་ལ་འགྲེལ་པ་དང་ཡང་འགྲེལ་སོགས་བརྩམས་ཡོད། སངས་རྒྱས་ཀྱི་བསྟན་པ་བོད་ནང་དར་འཕེལ་ཆེན་པོ་བྱུང་བ་དང་། དེང་སང་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ཆོས་ཤིག་བཤད་དགོས་ཚེ། བོད་གངས་ཅན་གྱི་ལྗོངས་ལ་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སྤུས་དག་ཤོས་དང་རྒྱ་ཆེ་ཤོས་ཆགས་ཡོད་པ་བཞིན། དེ་ལྟ་བུའི་ནང་པ་སངས་རྒྱས་པའི་ཆོས་ལ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་དེ་བོད་ཡིག་ཡག་ཤོས་ཆགས་ཡོད་ཅེས་ངོས་ཀྱིས་སྤོབས་པ་བྱས་ནས་ཤོད་ཀྱི་ཡོད། ང་ཚོར་དེང་རབས་ཤེས་ཡོན་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་བཟོ་རྒྱུ་ཁག་པོ་ཡིན་པས་ཆོས་ནས་བཤད་པའི་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་བྱེད་མ་ཐུབ་ཀྱང་། ཆོས་ནས་གསུངས་པའི་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། སེམས་པ་བཟང་པོ་བྱེད་རྒྱུ་དེ་རང་གཞན་ཀུན་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་རེད། ཁྱེད་རང་ཚོ་ཆོས་ལ་དད་པ་ཡོད་རུང་མེད་རུང་སངས་རྒྱས་པའི་གཞུང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་པའི་ཐོག་ནས་སེམས་ནང་བསམ་བློ་ (idea) དང་ (concept) གསར་པ་བསླེབ་རྒྱུར་ཞེ་དྲག་ཁྱད་པར་ཡོད། དེར་བརྟེན་ནང་པའི་ལྟ་གྲུབ་དེ་དག་ཤེས་ཡོན་རྐྱང་པའི་ཐོག་ནས་བསླབ་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། འབྲིང་རིམ་སློབ་གྲྭ་ཐོན་ནས་གཙུག་ལག་སློབ་གྲྭ་ཁག་ཏུ་ཕྱིན་པའི་སྐབས་སྤྱོད་པ་བག་ཡངས་སོགས་བྱས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་པར་འཁྱམས་བསྡད་ནས་འཕྲོ་བརླག་འགྲོ་མཁན་ཡོད་པ་དེ་འདྲ། བོད་པ་མ་ཟད་ཡུལ་པ་མི་ཚོས་ཀྱང་འདི་ལྟར་ཤོད་ཀྱི་འདུག དེ་ཚོའི་རིགས་གཟབ་གཟབ་བྱེད་དགོས། དུས་ཚོད་ཉིན་མ་གཅིག་ཡིན་ནའང་འཕྲོ་བརླག་ཏུ་མ་བཏང་བར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་སྦྱོང་དེ་ཀླད་པའི་ཡོན་ཏན་གཅིག་པུ་མིན་པར་ལྷག་བསམ་གྱི་ཡོན་ཏན་ཟུང་དུ་འབྲེལ་བ་ཞིག་དགོས། དེའི་རྩ་བ་ནི་བོད་ཡིག་དང་བོད་མི་རིགས་ཀྱི་གནའ་རབས་ཀྱི་ཤེས་ཡོན་ལ་ཐུག་ཡོད། བོད་ཀྱི་གནའ་རབས་ནས་དར་བའི་སོ་སོའི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་རྒྱུ་དང། དེ་དང་མཉམ་དེང་རབས་ཀྱི་ཤེས་ཡོན་ལྡན་པའི་མི་སྣ་ཞིག་ཆགས་ན་འདབ་ཤོག་གཉིས་ལྡན་དང་བོད་མི་ཆ་ཚང་བ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་ཁྱེད་རང་ཚོར་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་སློབ་གཉེར་བྱེད་དགོས། ཞེས་སོགས་ཀྱི་ལམ་སྟོན་བཀའ་སློབ་བཀའ་དྲིན་སྩལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་སློབ་ཕྲུག་གིས་དྲི་བར་བཀའ་ལན་ཡང་མཛད་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཕྲུག་མཐོ་སློབ་ཏུ་བསྐྱོད་བཞིན་པའི་སློབ་གཉེར་བ་རྣམས་ལ་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།