༢༠༡༠ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པས་བཏང་གནས་ནང་གསལ། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོར་འབྲས་ལྗོངས་མངའ་སྡེ་གཞུང་གི་སྤྱི་ཁྱབ་བློན་ཆེན་ཌོག་ཊར་པ་ཝང་ཀུ་མར་ཅམ་གླིང་མཆོག་གི་གཙོས་བློན་ཆེན་གཞན་ཁག་གཅིག་དང་གྲོས་ཚོགས་ཀྱི་ཚོགས་གཙོ། མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ཆེ་མོ་མཆོག བྲག་དཀར་བཀྲ་ཤིས་སྡིངས་ཁུལ་གྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་སོགས་སྟོན་པའི་སྐྱེད་ཚལ་གྱི་མགྲོན་དུ་བཅར་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚམས་ཞུ་དང་སྦྲགས་ཆུ་ཚོད་ ༩།༢༠ ཐོག་མ་ཎི་ཆོས་འཁོར་མགོན་ཡོད་སར་འབྲས་ལྗོངས་གཞུང་ཕྱོགས་ནས་འགྲོ་སོང་བཏང་སྟེ་གསར་དུ་བཞེངས་པའི་བཀའ་བརྒྱུད་དགོན་ཀརྨ་ཐེག་ཆེན་གླིང་ཡོད་སར་གདན་འདྲེན་ཞུས། ༸གོང་ས་མཆོག་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་དགོན་དེར་༸ཞབས་སོར་འཁོད་སྐབས་དགོན་དེའི་དགེ་འདུན་པ་རྣམས་ནས་སེར་སྦྲེངས་དང་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་གསར་དུ་བཞེངས་པའི་ཀརྨ་ཐེག་ཆེན་གླིང་དགོན་དུ་གདན་འདྲེན་ཞུས། དགོན་དེར་གནས་གཟིགས་གྲུབ་མཚམས་དགོན་དེའི་རྟེན་གཙོའི་མདུན་དུ་བཞུགས་ཏེ་ཐུགས་སྨོན་རྒྱ་ཆེ་མཛད།
དེ་རྗེས་བཞུགས་ཁྲི་རིན་པོ་ཆེར་འཁོད་བསྟུན་དགེ་འདུན་པ་རྣམས་ནས་ཞལ་འདོན་གསུང་མུར་རྟེན་འབྲེལ་གྲོ་མ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས། སྐབས་དེར་༸གོང་ས་མཆོག་གིས་དགེ་འདུན་འགོ་བྱེད་ལ་ཁྱེད་རྣམས་ཀྱི་སློབ་གཉེར་གང་དང་གང་བྱེད་ཀྱི་ཡོད། ཆོ་ག་ཕྱག་ལེན་གང་དང་གང་བྱེད་ཀྱི་ཡོད་སོགས་བཀའ་དྲི་མཛད། དེ་རྗེས་དགོན་དེའི་དབུ་བླས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་ནས་འབྲས་ལྗོངས་གཞུང་གི་བློན་པོ་གཙོ་བོ་མཆོག་གི་གཙོས་བློན་པོ་རྣམས་དང་ལས་སྣེ་རྣམས་ཀྱིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་རྗེས་དགོན་དེ་ནས་སྟོན་པའི་སྐྱེད་ཚལ་ཡོད་སར་ཆིབས་ཞལ་བསྒྱུར། དེ་ཡང་འབྲས་ལྗོངས་མངའ་གཞུང་གིས་རོགས་རམ་འོག་རིན་ཆེན་ཟུར་བརྒྱད་ཀྱི་དབྱིབས་ཅན་སྲོལ་རྒྱུན་གྱི་རྡོ་ཤིང་ས་གསུམ་ལས་བཞེངས་པ་ཤིན་ཏུ་བཀོད་པ་ལེགས་པའི་ཀརྨ་ཐེག་ཆེན་གླིང་དགོན་དེ་ནི་ཕྱི་ལོ་ ༢༠༠༨ ལོར་གསར་དུ་བཞེངས་པའི་དགོན་པ་ཞིག་ཡིན་འདུག དགོན་དེའི་ནང་མ་ལེ་ཤི་ཡ་སོགས་ནས་དད་ལྡན་པ་རྣམས་ཀྱི་ཕུལ་བའི་སྟོན་པའི་རིང་བསྲེལ་བཞུགས་སུ་གསོལ་འདུག དགོན་དེ་བཞེངས་ས་དེར་དེ་སྔོན་ཕྱི་ལོ་ ༡༩༨༥ ལོར་བཞེངས་པའི་མ་ཎི་ཆོས་འཁོར་གླིང་ཞེས་པའི་དགོན་པ་ཆུང་ངུ་ཞིག་འདུག་པ་དེ་སྔ་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་སྲོལ་གཏོད་པ་བཞིན་ལོ་ལྟར་བོད་ཟླ་ ༧ ཚེས་ ༡༥ ཉིན་དཔའ་ལྷ་གསོལ་ཞེས་གངས་ཅན་མཛོད་ལྔའི་ལྷ་གསོལ་དང་སྦྲགས་དགྲ་ལྷ་དཔའ་བསྟོད་ཀྱི་འཆམ་ཡང་རྒྱག་སྲོལ་འདུག དགོན་དེའི་དབུ་བླ་ནི་གསང་གཏེར་ཞུ་བ་ཡིན་འདུག དེང་གི་ཆར་དགེ་འདུན་གྲངས་ ༦༠ ཙམ་ཡོད་འདུག
སྔ་དྲོའི་ཆུ་ཚོད་ ༡༠ ཐོག་མགོན་པོ་གང་ཉིད་མཆོག་སྟོན་པའི་སྐྱེད་ཚལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་གནས་དེར་མངའ་སྡེའི་བློན་ཆེན་མཆོག་དང་ལྷན་ལྗོན་ཤིང་འདེབས་འཛུགས་མཛད། དེ་ནས་སྟོང་མཆོད་ཁང་དུ་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་སྟོང་མཆོད་ཞལ་ཕྱེ་ཐོག་མ་དེ་སྤྱི་ནོར་༸གོང་ས་མཆོག་གིས་མཛད། དེ་རྗེས་གནས་དེར་བཅར་བའི་མི་མང་གྲངས་ ༣༠༠༠ ཙམ་ལ་བཀའ་སློབ་ཕེབས་དོན། དེ་རིང་འདིར་སྟོན་པའི་སྣང་བརྙན་ད་ལྟ་བཞེང་མུས་ཡིན་པའི་གནས་འདིར་མངའ་སྡེའི་གཙོ་འཛིན་མཆོག་གི་གཙོས་མི་མང་མང་པོ་ཞིག་འདུས་འདུག་པར་ཁྱེད་རང་ཚོ་ཚང་མར་ངོས་ནས་འཚམས་འདྲི་ཞུ་རྒྱུ་ཡིན། ད་རེས་ཡང་བསྐྱར་ངོས་འབྲས་ལྗོངས་ས་ཁུལ་དུ་ཡོང་རྒྱུ་བྱུང་བ་དང་སྦྲགས་པདྨ་ཡང་རྩེ་དང་བྲག་དཀར་བཀྲ་ཤིས་སྡིངས་སོགས་ལ་གནས་སྐོར་དང་ལྷག་པར་བཀྲ་ཤིས་སྡིངས་སུ་ཉིན་གཉིས་དང་ཕྱེད་ཙམ་རིང་ལ་ཐུགས་སྒྲུབ་ཀྱིས་གཉེན་པ་བསགས་ཏེ་ཡག་པོ་ཞེ་དྲག་བྱུང་། ད་རེས་ངོས་རང་ས་ཁུལ་ཁག་ལ་བསྐྱོད་སྐབས་ཁྱེད་ཚོ་མི་མང་སེར་སྐྱ་རྒན་བྱིས་ཚང་མས་དད་པ་དང་དམ་ཚིག་གཡོ་བ་མེད་པར་དགའ་བསུ་གནང་བར་ངོས་རང་ཡིད་འགུལ་ཐེབས་པ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་ཐུག་སྐབས་ཕྱག་དབང་ཞུ་རྒྱུར་ཚང་ཁ་རྒྱག་གི་འདུག་པ་དེ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་བཤད་ན་དེ་ནི་གཙོ་བོ་མ་རེད། སྔ་མོ་བོད་ནང་བླ་མ་ཚད་ལྡན་དགུང་ལོ་ཡར་ཙམ་ཕེབས་པ་ཞིག་ཡོད་པར་ཡུལ་ཕྱོགས་གཞན་གྱི་དགོན་པ་ཞིག་གིས་བླ་མ་དེར་གསུང་ཆོས་གནང་རོགས་ཞེས་གདན་ཞུ་གནང་བ་རེད། བླ་མ་ལོ་རྒས་ཙང་ངས་གསུང་ཆོས་ཡོང་རྒྱུ་ཁག་པོ་རེད་ཅེས་གསུང་པར་གདན་ཞུ་གནང་མཁན་དེས། གསུང་ཆོས་གནང་དགོས་པ་མི་འདུག་ང་ཚོར་བྱིན་རླབས་ཤིག་བྱུང་ན་འགྲིག་པ་འདུག ཅེས་ཞུས། དེ་རྗེས་བླ་མ་དེས་བྱས་ན་ངས་ཡོང་ཆོག་ཅེས་གསུང་སྟེ་དེར་ཕེབས་འབྱོར་བྱུང་རྗེས་ཁོང་གིས། ང་དུག་ལྡན་རང་བཞིན་གྱི་ལག་པ་མགོ་ལ་བཞག་ནས་བྱིན་རླབས་སྤྲོད་མཁན་དེ་མིན།
བླང་དོར་གྱི་གནས་སྟོན་པའི་བཀའ་འགྲེལ་བརྗོད་བྱེད་མཁན་དེ་ཡིན། ཞེས་གསུངས་ཏེ་གསུང་ཆོས་རྒྱས་པོ་ཞིག་གནང་ཡོད། ངོས་ནས་འདི་རྟག་པར་བརྗོད་ཀྱི་ཡོད། ངོས་ཀྱི་ལག་པ་འདི་ཁྱེད་ཚོའི་མགོ་ལ་འཇོག་པ་དང་ཡང་ན་ཐུག་ཙམ་ཐུག་ཙམ་བྱས་པས་བྱིན་རླབས་ཡོང་རྒྱུ་གང་ཡང་མེད། གལ་ཆེ་ཤོས་དེ་ནི་ངོས་ནས་སངས་རྒྱས་པའི་ཆོས་དེ་གང་འདྲ་ཡིན་མིན་འགྲེལ་བརྗོད་བྱེད་རྒྱུ་དེ་ཁྱེད་ཚོས་སེམས་ནང་ངེས་པ་བྱས་ན་ཁྱེད་ཚོར་ཡང་ཕན་གྱི་རེད། ངོས་རང་འདིར་ཡོང་བའི་དགོས་དོན་ཚང་བ་རེད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་སོ་སོ་ཐར་པའི་མདོའི་ནང་བཅོམ་ལྡན་འདས་ཀྱིས། ང་ནི་མྱ་ངན་འདས་འོག་ཏུ། །འདི་ནི་ཁྱེད་ཀྱི་སྟོན་པའོ། །རང་ཡུལ་གཉིས་ཀྱི་དོན་བྱས་པ། མཛེས་ལྡན་རྒྱལ་པོས་ཚོགས་འདི་བསྟོད། ཞེས་སོགས་ཀྱི་ཉན་ཐོས་ཀྱི་དགེ་འདུན་རྣམས་ལ་བཅོམ་ལྡན་འདས་ཀྱི་ང་མྱ་ངན་འདས་ཟིན་རྗེས་ངའི་ཚབ་དེ་ངས་བསྟན་པའི་སོ་སོ་ཐར་པ་དེ་ཡིན། ཞེས་གསུངས་ཡོད། འདི་ནི་སངས་རྒྱས་ཀྱི་གསུང་ཚང་མར་གོ་དགོས་པ་ཡིན། བཅོམ་ལྡན་འདས་མྱ་ངན་ལས་འདས་ཟིན་རྗེས་སྐུ་ཚབ་དེ་ང་ཚོ་བོད་ལ་ཆ་བཞག་ན་བཀའ་འགྱུར་པོད་བརྒྱ་ལྷག་ཙམ་ཡོད་པ་དེ་བཅོམ་ལྡན་འདས་ཀྱི་སྐུ་ཚབ་འདི་དག་ཆགས་ཡོད།
དེ་ཙམ་དུ་མ་ཟད་ཀླུ་སྒྲུབ་ཡབ་སྲས་ལ་སོགས་སྔོན་གྱི་སྟོན་པའི་བསྟན་པ་འཛིན་མཁན་གྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོ་ཡང་རང་ཉིད་མྱ་ངན་ལས་འདས་ཟིན་ཡོད་ཀྱང་དེ་དག་གི་སྐུ་ཚབ་ཀྱི་ཚོད་དེ་ནི་དེ་དག་གིས་མཛད་པའི་བསྟན་བཅོས་དེ་དག་རེད། བོད་ཡིག་ནང་བསྟན་བཅོས་བསྒྱུར་ཡོད་པ་པོད་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད་པ་རེད། དེ་ལྟར་སངས་རྒྱས་དང་དེའི་བསྟན་པ་འཛིན་མཁན་རྒྱ་གར་མཁས་པས་མཛད་པ་པོད་སུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་ནི་ཞལ་ཆེམས་ལྟ་བུ་ཆགས་ཡོད་པས་དེ་དག་ང་ཚོས་ལྟ་དགོས་པ་རེད། ད་རེས་བློན་ཆེན་མཆོག་ལ་ཞུ་འདོད་ག་རེ་བྱུང་ངམ་ཞུས་ན་ཁ་སྔོན་བི་ཧར་གྱི་རྒྱལ་ས་པཊ་ཎར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་ཏེ་དེའི་འགོ་ཕྱེ་ལ་ངོས་ཡོང་རོགས་ཞེས་པ་ལྟར་ཕྱིན་པ་ཡིན། དེའི་སྔོན་ལ་ངོས་ཡོང་རོགས་ཞེས་གདན་ཞུ་གནང་སྐབས་ས་ཀྲ་བསྟན་བྱུང་། ཐུབ་དབང་རིན་པོ་ཆེའི་སྣང་བརྙན་དང་། དེའི་འཁྲིས་ལ་སྒོམ་ཁང་ཞིག་ཡོད་ཅེས་གསུངས་བྱུང་། སྐབས་དེར་ངོས་ནས་རྩེད་མོ་དང་སྦྲགས་སྒོམ་རྒྱག་རྒྱུ་དེ་ཆོས་ལུགས་ཚང་མར་ཡོད། སངས་རྒྱས་པའི་ཆོས་སྒོམ་རྒྱག་པར་ཀུན་སློང་དང་། ཁྱད་ཆོས་གང་འདྲ་ཚང་དགོས་ཀྱི་ཡོད་པ། དེ་དག་སྔོན་ལ་ཤེས་པ་བྱས་ཏེ་སྒོམ་རྒྱག་དགོས་པ་རེད་མ་གཏོགས། དེ་མིན་སྒོམ་ཁང་ཡིན་ཞེས་མིག་བཙུམས་ནས་བསྡད་དེ་སངས་རྒྱས་པའི་ཆོས་ཀྱི་སྒོམ་རྒྱག་གི་ཡོད་ཅེས་བརྗོད་ན་དེ་སངས་རྒྱས་པའི་ཆོས་ལ་འགྲོ་མིན་ཐེ་ཚོམ་རེད། ཅེས་ཞུས་པ་ཡིན། སངས་རྒྱས་པའི་ཆོས་དང་འབྲེལ་བའི་སྒོམ་རྒྱག་པར་སངས་རྒྱས་པའི་ཆོས་ཀྱི་ཁྱད་པར་དང་ལྡན་པའི་སྒོམ་ཞིག་དགོས་ཀྱི་ཡོད། དེར་བརྟེན་ངེས་པར་དུ་དཔེ་མཛོད་ཅིག་དགོས་པ་རེད་ཅེས་བརྗོད་པ་ཡིན། དཔེ་མཛོད་ཁང་དེ་ནས་སངས་རྒྱས་པའི་སྒོམ་རྒྱག་སྟངས་གང་འདྲ་ཡིན་མིན་དེ་དག་སྔོན་ལ་དོ་སྣང་དང་ཤེས་པ་བྱས་ཏེ་སྒོམ་རྒྱག་གི་ཡིན་ན་ཡག་པོ་ཡོང་གི་རེད། ཅེས་བརྗོད་པས་རྗེས་སུ་སྒོམ་ཁང་གཅིག་དང་དཔེ་མཛོད་ཁང་གཅིག་བཟོས་འདུག ངོས་ནས་དཔེ་མཛོད་ཁང་དེར་ཕྱག་དཔེ་འབུལ་རྒྱུ་བྱས་པ་ཡིན། དེ་རིང་མངའ་སྡེའི་བློན་ཆེན་མཆོག་འདིར་བཞུགས་ཡོད་ཙང་སྟོན་པའི་སྣང་བརྙན་ཁྱད་པར་ཅན་འདིའི་དྲུང་དུ་སྟོང་མཆོད་འབུལ་ས་ཡག་པོ་ཞེ་དྲག་འདུག དེ་བཞིན་གཡས་གཡོན་ཞིག་ཏུ་དཔེ་མཛོད་ཁང་ཞིག་བརྒྱབ་སྟེ་བོད་ཡིག་ནང་ཡོད་པའི་བཀའ་འགྱུར་བསྟན་འགྱུར་པོད་སུམ་བརྒྱ་ཡོད་པ་ངོས་ནས་འབུལ་རྒྱུ་ཡིན། དེ་ནས་དབྱིན་ཡིག་དང་ཧིན་ཡིག་སོགས་སྐད་ཡིག་འདྲ་མིན་ནང་དུ་ནང་ཆོས་ཀྱི་དེབ་ཡོད་པ་དེ་དག་སྔོན་ལ་ངོས་ནས་ག་ཚོད་ཐུབ་ཐུབ་ཐབས་ཤེས་བྱས་ཏེ་འབུལ་རྒྱུ་ཡིན། དེ་བཞིན་བོད་གཞུང་དཔེ་མཛོད་ཡོད་པ་དང་འབྲེལ་བ་བྱས་ཏེ་འདིར་དཔེ་མཛོད་ཡག་པོ་ཞིག་བཟོ་ཐུབ་ན། གནས་ཁྱད་པར་ཅན་སྟོན་པའི་སྣང་བརྙན་ངོ་མཚར་ཅན་ཡོད་ས་འདིར་འཆམ་འཆམ་ལ་ཡོང་གི་ཡིན་ནའང་འདྲ། དད་པ་བྱས་ནས་ཡོང་ནའང་འདྲ། འདིར་སླེབས་སྐབས་དཔེ་མཛོད་ཁང་ནང་སྟོན་པའི་བསླབ་བྱ་དེ་དག་ལྟ་རྒྱུ་ཞིག་བྱུང་ན་ཕན་ཐོགས་ཡོད་པ་རེད་དྲན་གྱི་འདུག ཡང་ངོས་ཀྱིས་བསམ་འཆར་གཅིག་ཞུ་རྒྱུར་སྔོན་མ་ངོས་ཀྱི་གནས་མཆོག་རྡོ་རྗེ་གདན་ཉམས་གསོ་བྱེད་སྐབས་ངོས་ཀྱི་བསམ་འཆར་ཞིག་བཤད་པ་ཡིན། རྡོ་རྗེ་གདན་གྱི་མཆོད་རྟེན་གྱི་མཐར་བཅོམ་ལྡན་འདས་ཀྱི་བཀའ་ཚིགས་སུ་བཅད་པ་དེ་འདྲ་སམ་སྐྲི་ཏ་དང་པཱ་ལི་ཐོག་མའི་ཡི་གེ་དེ་དག་བྱས། དེའི་མཇུག་ཏུ་དབྱིན་ཡིག་དང་རྒྱ་ཡིག བོད་ཡིག ཧིན་ཡིག་བཅས་ཀྱི་ནང་བསྒྱུར་ཏེ་ཚིགས་སུ་བཅད་པ་དེ་དག་མཆོད་རྟེན་གྱི་མཐར་སྦྱར་བ་ན། མཆོད་རྟེན་ལ་སྐོར་བ་བྱེད་མཁན་ཚོས་སྟོན་པས་གསུངས་པའི་ཆོས་གང་ཡིན་པ་རོབ་ཙམ་ཤེས་པ་ཡོང་གི་རེད། ཅེས་ངོས་ནས་བསམ་འཆར་ཞུས་པ་ཡིན་ཡང་ལག་ལེན་ཆ་ཚང་བསྟར་ཐུབ་མི་འདུག དེ་རྗེས་ལ་དྭགས་སུ་དད་ཅན་ཚོས་མཆོད་རྟེན་བཞེངས་ཡོད་པ་དེའི་མཐར་སྟོན་པའི་གསུང་ཚིགས་སུ་བཅད་པ་དང་། དེ་བཞིན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་གསུང་ལྟ་བུ་ཚིགས་སུ་བཅད་པ་གང་ཙམ་བཀོད་ཡོད། དེ་ལྟ་བུ་ཞིག་སམ་སྐྲི་ཏ་དང་པཱ་ལི་དབྱིན་ཡིག་དང་། རྒྱ་ཡིག བོད་ཡིག ཧིན་ཡིག་བཅས་ཀྱི་ཚིགས་སུ་བཅད་པ་དེ་འདྲ་ང་ཚོས་ཕུལ་ཐུབ་ཀྱི་རེད། དེ་དག་སྟོན་པའི་སྣང་བརྙན་བྱིན་ཅན་དེའི་གཡས་གཡོན་དུ་བཀོད་པ་ལྡན་པའི་ཐོག་ནས་བསྒྲོན་རྒྱུ་བྱུང་ན། དེ་ཡང་རབ་བྱུང་ན་རྡོ་བསྐོས་དང་དེ་མིན་ཡི་གེ་འབྲི་བ་སོགས་བྱས་ནས་བྱུང་ན་ཡག་པོ་ཡོང་བ་འདུག་སྙམ་པ་དྲན་བྱུང་། དེ་ལྟར་བྱུང་ན་འབྲེལ་ཆེན་པོ་ཡོང་བ་འདུག ཅེས་སོགས་ཀྱི་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་རྗེས་ནང་ཆོས་ངོ་སྤྲོད་མཛད་པ་མ་ཟད། སློབ་སྦྱོང་བྱེད་དགོས་པའི་སྐོར་ལ་བཀའ་སློབ་ཕེབས་པའི་ནང་། ད་རེས་ཏཱ་ལའི་བླ་མ་བསླེབས་ཏེ་ཁྱེད་རང་ཚོར་ཁྲལ་གསར་པ་ཞིག་སྤྲད་བྱུང་བསམ་པ་བྱེད་དགོས། ཁྲལ་གང་རེད་དམ་ཟེར་ན་སློབ་སྦྱོང་བྱེད་རྒྱུའི་ཁྲལ་ཞིག་སྤྲད་བྱུང་བསམ་པ་བྱེད་དགོས། དེ་ཡང་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ཡིན། ཞེས་སོགས་ཀྱི་ནང་ཆོས་ངོ་སྤྲོད་མཛད་རྗེས་དེར་འདུས་མི་མང་རྣམས་ལ་ཐུབ་པའི་གཟུངས་སྔགས་དང་། མ་ཎི། སྒྲོལ་མ། བཛྲ་གུ་རུ། ཨ་ར་པ་ཙ། རྟ་མགྲིན་བཅས་ཀྱི་གཟུངས་སྔགས་ཀྱང་ལྗགས་ལུང་བཀའ་དྲིན་ཆེ་བ་སྩལ་ཏེ་ར་བང་ལ་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཐུབ་པའི་སྐྱེད་ཚལ་གྱི་བཞུགས་གནས་མགྲོན་ཁང་དུ་ཉིན་གུང་ལྗགས་སྨིན་མཛད་དེ་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཙམ་ལ་དེ་ནས་སྒང་ཏོག་ལ་ཆིབས་ཞལ་བསྒྱུར།།