༢༠༡༠ ཟླ་ ༡༢ ཚེས་ ༡༥ རེས་གཟའ་ལྷག་པ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༡ འཁོར་བའི་དུས་སྟོན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མར་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་སྐུ་མགྲོན་གཙོ་བོ་ཀར་ཎཱ་ཊ་ཀའི་མངའ་གཞུང་གི་གྲོང་ཁྱེར་འཛུགས་སྐྲུན་དང་གྲོས་ཚོགས་ལས་དོན་བློན་ཆེན་སྐུ་ཞབས་སུ་རེཤ་ཀུ་མཱར་ལགས་(Mr.Suresh Kuma, Minister of urban development, law & Parliamentary Affairs) དང་། དེ་བཞིན་ཀར་ཎཱ་ཊ་ཀའི་མངའ་སྡེ་བློན་ཆེན་སྐུ་ཞབས་ཀེ་ཝི་རཱ་ཇུ་(K.V Raju)ལགས། བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་བཅས་ལ་ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕེབས་བསུ་ཞུས་ཡོད། ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན་སྐུ་མགྲོན་རྣམ་པ་དང་མང་ཚོགས་བཅས་ལ་ནོ་བེལ་ཞི་བདེའི་གླུ་གཞས་གཟིགས་འབུལ་ཞུས་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་འཁྲབ་སྟོན་ཁག་བཞི་ཙམ་བསྟན་ཡོད། དེ་རྗེས་སྐུ་ཞབས་སུ་རེཤ་ཀུ་མཱར་ལགས་ཀྱིས་གསུང་བཤད་གནང་དོན། བོད་མི་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོས་བོད་ཀྱི་རིག་གཞུང་བདག་གཅེས་བྱས་པར་བསྔགས་བརྗོད་ཞུ་གི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཙམ་མིན་པར་འགྲོ་བ་མི་རིགས་ཡོངས་ཀྱི་དབུ་ཁྲིད་ཡིན། འཕགས་བོད་མི་རིགས་དབར་གྱི་འབྲེལ་ལམ་དེ་ནམ་ཡང་བརླག་རྒྱུ་མིན། ༸གོང་ས་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ཁོང་གི་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་དོན་བདེན་མཐའ་སེལ་རྒྱུའི་མཛད་བྱས་དེར་ངོས་འཛིན་ཐོབ་པ་ཞིག་རེད། ང་རང་བཞུགས་སྒར་དུ་ཡོང་སྟེ་༸གོང་ས་མཆོག་གི་མཇལ་ཁ་ཞུས་འདོད་ཡོད། ཅེས་སོགས་གསུངས་ཡོད། དེ་བཞིན་སྔ་དྲོ་ཆུ་ཚོད་ ༧།༠༠ ཐོག་བོད་ཁྱིམ་ཉལ་ཁང་གི་ཐང་ཆེན་དུ་བསངས་གསོལ་དང། བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་། བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་ཀྱིས་ལྷ་ས་སྒྲོལ་མ་ལགས་དང། ཕུར་བུ་ཚེ་རིང། ཚེ་རིང་ཆོས་འཛོམས་བཅས་ལ་ཕྱི་ལོ་ ༢༠༠༥ ནས་ ༢༠༡༠ བར་ས་གནས་འོས་བསྡུའི་ཚོགས་མིའི་ལས་དོན་སྒྲུབ་པར་ཕྱག་འཁྱེར་ཕུལ་ཡོད་མ་ཟད། གློག་བརྙན་སྟོན་རྒྱུ་དང་སིལ་པོན་རྩེད་འགྲན་ཡང་བྱས་ཡོད། མཛད་སྒོ་གོ་སྒྲིག་གནང་མཁན་ལྷོ་སྤྱི་ལས་ཁུངས་ཀྱིས་གཙོས་བོད་ཁྱིམ་ཉལ་ཁང་དང། དྷུ་བྷའི་པ་ལ་ཛའི་(Dubai Plaza)ས་གནས་ཚོང་པའི་མཐུན་ཚོགས། ས་གནས་སུད་ཚོང་མཐུན་ཚོགས། ས་གནས་གཞོན་ནུ་བཅས་ཀྱིས་མཉམ་རུབ་ཐོག་གོ་སྒྲིག་ཞུས་ཡོད་པ་བཅས།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ལོ་ངོ་ ༢༡ འཁོར་བའི་དུས་སྟོན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།